འཚོལ་བཤེར།   
藏文频道
2022ལོའི་ཟླ་5ཚེས་15ཉིན།

༄༅།།ས་བབ་མཐོ་ཚད་སྨི་4000དུ་ལོ་16བརྟན་སྲུང་བྱས་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 05ཚེས་15ཉིན། 13:24】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་གྱི་གསར་འགོད་པ། ཅ་ཧྥུང་ཧྥུང་།
   མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་མདོ་ལ་རྫོང་གྲོང་ནས་ཐོན་ཏེ། མཚོ་ནག་རོང་ཆེན་བརྒྱུད་ཀྱག་ཀྱོག་གི་ལམ་བུ་དེད་ནས་ནུབ་ཕྱོགས་སུ་བསྐྱོད་ཚེ། ས་བབ་རིམ་བཞིན་མཐོ་རུ་འགྲོ་བ་དང་སྦྲགས་མུ་མཐའ་མེད་པའི་མི་མེད་ཁུལ་མིག་ལམ་དུ་འཆར། དེ་ནས་མུ་མཐུད་ཆུ་ཚོད་3ཙམ་བསྐྱོད་རྗེས། མཚོ་ནག་ཆུ་འགོ་རྒྱུག་ཁུལ་གྱི་སྐྱེ་ཁམས་འཛུགས་སྐྲུན་སྲུང་སྐྱོང་ལས་གྲྭ་བདག་སྐྱོང་ས་ཚིགས་སུ་སླེབས་ཀྱི་ཡོད། རླངས་འཁོར་གྱི་སྒྲ་ཐོས་མ་ཐག་བདག་སྐྱོང་བ་ཡེ་ཤེས་ནོར་བུ་བཟའ་ཚོ་ཁྱིམ་ནས་དོན་བྱུང་།
   དེ་ནི་མཚོ་ནག་ཆུ་འགོའི་ས་ཁོངས་ཀྱི་བདག་སྐྱོང་ས་ཚིགས་གཅིག་པུ་དེ་ཡིན་པ་དང་། ས་བབ་མཐོ་ཚད་སྨི་4000ཟིན་ཞིང་། ལྕགས་དྲས་བསྐོར་བའི་ཁང་མིག་གསུམ་ཅན་གྱི་ཐོག་གཅིག་མ་དེ་སྤྱི་ལེ་20ལྷག་ཙམ་ས་ཡི་གྲོང་གཅིག་མོ་དེ་རེད། འདི་ལོ་ཡེ་ཤེས་ནོར་བུ་བཟའ་ཚོ་དེ་གར་བརྟན་སྲུང་བྱེད་པའི་ལོ་16པ་དེ་རེད།
    2006ལོར། སྐབས་དེ་དུས་ལྟ་འདོམས་ཀྱི་སྟོབས་ཤུགས་ཞན་པས་ས་ཆ་དེར་གཏེར་ཁ་ལྐོག་ཏུ་སྔོག་པའི་བྱེད་སྤྱོད་མང་པོ་ཐོན་པ་དང་རྐོ་འདྲུའི་འཕྲུལ་འཁོར་ཆུང་གྲས་དང་འདོན་འཇུག་འཕྲུལ་འཁོར་རྒྱུན་ཆད་མེད་པར་འགྲོ་འོང་བྱས་ནས་སྔོ་ཁེབས་ལ་གཏོར་བཤིག་བཏང་བས། མདོ་ལ་རིང་མོར་རྨ་ཁ་ལྟར་གྱི་གཏེར་དོང་མང་པོ་ཆགས་པ་མ་ཟད། ད་དུང་གླང་ཤུ་དང་འདྲ་བའི་ས་ནག་གྲམ་ཐང་ཡང་ཆགས་ནས་སྐྱེ་ཁམས་ཉམས་ཞན་གྱི་ས་ཁོངས་གནས་ཚུལ་ལ་མི་རྣམས་སེམས་ཁྲལ་བྱེད་དགོས་པ་ཞིག་ཡོད།
    དེས་ན་སྐྱེ་ཁམས་བདག་སྐྱོང་ས་ཚིགས་འཛུགས་རྒྱུ་ཁ་ཚ་དགོས་གཏུགས་སུ་གྱུར་ཡོད། འོན་ཀྱང་ས་གནས་དེ་གའི་ས་བབ་མཐོ་བ་དང་ཆ་རྐྱེན་ཞན་པའི་ཁར་ལས་ཀར་ཉེན་ཁ་ཡོད་པས་མི་མང་པོ་ཞིག་གིས་ལས་ཀ་དེ་བྱེད་འདོད་བྱེད་ཀྱི་མེད། སྐབས་དེ་དུས་མདོ་ལ་རྫོང་འབྲོང་ལུང་ཤང་མགོ་མང་གྲོང་ཚོའི་དམག་ཞབས་ཐིམ་པའི་དམག་མི་ཡེ་ཤེས་ནོར་བུས་ལས་ཀ་དེ་དང་དུ་བླངས། “ཕ་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བྱེད་པའི་ཐད་ང་ཚོས་གོ་མེད་ཚོར་མེད་དུ་བསྡད་ན་ག་ལ་འགྲིག”གཟུགས་སྟོབས་ཆེ་བའི་ཡེ་ཤེས་ནོར་བུས་དེ་གའི་བདག་སྐྱོང་བའི་འགན་འཁུར་བ་དང་ཁོང་གི་རྒྱུན་གཏན་གྱི་འཚོ་བར་ལྟ་རྟོག་བྱེད་ཆེད་བཟའ་ཟླ་དུང་མོ་མཚོ་ཡང་མཉམ་དུ་བདག་སྐྱོང་ས་ཚིགས་སུ་ཁྲིད། གད་སྙིགས་སྒྲུག་པ་དང་། ཆུ་བོ་དང་། རི་ཀླུང་། སྔོ་ཁེབས་བཅས་ལ་སྐོར་གཡེང་བྱེད་པ། བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རྩི་ཤིང་སྐྱེ་འཚར་གྱི་གནས་ཚུལ་ལ་ལྟ་ཞིབ་བྱེད་པ། ཁོར་ཡུག་ལ་གཏོར་བཤིག་བཏང་བའི་བྱེད་སྤྱོད་གོང་དུ་ཞུ་བ་སོགས་ཀྱི་ལས་དོན་དག་ལོ་འདི་དག་རིང་ཁོ་གཉིས་ཀྱི་འཚོ་བའི་ཁྲོད་ཀྱི་ལས་ཀ་གཙོ་བོར་གྱུར།
    དང་ཐོག་མའི་བདག་སྐྱོང་ས་ཚིགས་སུ་ངོ་དྲགས་པའི་ཁང་པ་གཅིག་ཀྱང་མེད། ཡེ་ཤེས་ནོར་བུ་བཟའ་ཚོས་གུར་བརྒྱབ་ནས་སྡོད་པ་དང་གྲང་ངར་འགོག་ཆེད་དེར་འགྱིག་རས་ཤིག་གཡོགས་པ་རེད། “འཐུང་ཆུ་སྤྱི་ལེ་3ཙམ་གྱི་སར་ཡོད་པའི་ཆུ་མིག་ནས་ལེན་པར་འགྲོ་དགོས་ཀྱི་ཡོད”དེར་སླེབས་མ་ཐག་པའི་སྐབས་ཀྱི་གནས་ཚུལ་དྲན་གསོ་བྱེད་སྐབས་དུང་མོ་མཚོའི་མིག་ལ་མཆི་ཞག་འཁོར།
    ཁོ་གཉིས་ལ་བུ་མོ་གཅིག་རང་ལས་མེད་པ་དེའང་རྒན་རྒོན་གྱི་སར་བཅོལ་བ་དང་2006ལོ་ནས་བཟུང་ཁོ་གཉིས་ཀྱིས་སྦག་སྦག་གཅིག་བཞོན་ཏེ་བདག་སྐྱོང་ས་ཚིགས་ནུབ་ངོས་ཀྱི་བརྒྱད་གཅིག་འཁྱགས་རོམ་ནས་ཤར་ངོས་ཀྱི་ཡིའུ་ཧུའུ་ལུའུ་རོང་ས་བར་དང་། ལྷོ་ངོས་ཀྱི་མདའ་བཞི་གྲོང་ཚོ་ནས་བྱང་ངོས་ཀྱི་མཚོ་སྔོན་དང་ཀན་སུའུ་སྦྲེལ་མཚམས་བར་གྱི་སྤྱི་ལེ་ངོས་གྲུ་200ཟིན་པའི་ས་ཁོངས་སུ་ཡེ་ཤེས་ནོར་བུ་བཟའ་ཚོ་ཐེངས་མང་པོ་སྐྱོད་མྱོང་ཡོད། ཐག་རིང་ཤོས་ཀྱི་གནས་སུ་སྐོར་གཡེང་ཐེངས་གཅིག་ལ་ཕར་ཚུར་ཆུ་ཚོད་10འགོར་གྱི་ཡོད།
    2007ལོར་ཁོ་གཉིས་ཀྱིས་སྐོར་གཡེང་བྱས་ནས་ཕྱིར་ལོག་སྐབས་ཆུ་ལོག་ཐོན་ཏེ་སྦག་སྦག་ཆུས་ཁྱེར་ཅིང་། ཁོ་གཉིས་ཉེན་ཁ་ལས་ཐར་ཙམ་བྱུང་བ་དང་ཆུ་ལོག་ཐོན་ཡུལ་དེ་བདག་སྐྱོང་ས་ཚིགས་དང་བར་ཐག་སྤྱི་ལེ་40ཡོད་པས། ཐབས་ཟད་དེ་ཆུ་མ་འཇགས་བར་བསྒུགས་ནས་མི་སྡོད་ཀ་མེད་བྱུང་། སྦག་སྦག་རྙེད་ཀྱང་ཆུ་འཛུལ་བས་གློག་མི་འབར་བ་དང་ཆུ་ཚོད་ཁ་ཤས་བསྐམས་རྗེས་གློག་སྤར་ཐུབ་ཙམ་བྱུང་། ཡེ་ཤེས་ནོར་བུ་བཟའ་ཚོ་བདག་སྐྱོང་ས་ཚིགས་སུ་འབྱོར་དུས་ཉིན་གཉིས་པའི་ཐོ་རེངས་ཟིན་ཡོད།
   ཕྱིས་སུ་བདག་སྐྱོང་ས་ཚིགས་ཀྱི་ཆ་རྐྱེན་རིམ་བཞིན་ལེགས་སུ་ཕྱིན་ཡོད། སོ་ཕག་ཅན་གྱི་ཁང་མིག་གསུམ་བརྒྱབ་པ་དང་དེའི་མཐའ་ལྕགས་དྲས་བསྐོར་ཡོད། ཞོགས་པའི་མཚམས་སྤྲིན་ཤར་བ་དང་ཕྱི་དྲོ་ཉི་མ་ནུབ་རིམ་བཞིན་སྦག་སྦག་གི་སྒྲ་གྲགས་ཤིང་། སྒོ་ར་ཆུང་ཆུང་དེས་བཟའ་མི་གཉིས་ཀྱི་རྒྱུན་གཏན་སྐོར་གཡེང་དུ་ཐོན་པའི་བདེན་དཔང་བྱས་པ་མ་ཟད། ཕྱིར་ལོག་པར་བསུ་བ་ཡང་ཞུ་གི་ཡོད།
   ལོ་ཤས་སོང་རྗེས་ཡེ་ཤེས་ནོར་བུ་བཟའ་ཚོ་རྒན་ཡོལ་ཞུས་མོད། འོན་ཀྱང་ས་ཆ་དེར་སྔར་བཞིན་བརྩེ་བ་ཟབ་མོ་འཆང་གི་ཡོད། “བདག་སྐྱོང་དང་བཅོས་སྐྱོང་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་སྦྲགས་མཚོ་ནག་ཆུ་འགོ་ཁུལ་དུ་གཏེར་ཁ་ལྐོག་ཏུ་སྔོག་པའི་སྣང་ཚུལ་སྤྱིར་ན་མེད་པར་གྱུར་ནས། རྩྭ་ཐང་དང་སྔོ་ཁེབས་ཀྱི་སྐྱེ་ཁམས་རྒྱུན་མཐུད་ལེགས་སུ་ཕྱིན་པ་དང་དེ་སྔ་གྲིབ་གཟུགས་ཙམ་ཡང་མཐོང་རྒྱུ་མེད་པའི་ཁྲུང་ཁྲུང་མཇིང་ནག་ཀྱང་ད་ཆ་རྟག་ཏུ་མཐོང་རྒྱུ་ཡོད”ཅེས་ཡེ་ཤེས་ནོར་བུས་སྤོབས་པ་ཆེན་པོས་བཤད། “ས་ཆ་དེར་དགོས་མཁོ་ཡོད་ཚེ་ངས་མུ་མཐུད་དེར་སྲུང་སྐྱོང་བྱེད་ཀྱི་ཡིན”གླེང་མོལ་བྱེད་རིང་ཉི་མ་རིམ་བཞིན་བཞུད་ཅིང་། ལ་ཁའི་ཉི་མའི་འོད་མདངས་ལས་ཁོ་གཉིས་ཀྱི་གྲིབ་གཟུགས་ཧ་ཅང་རིང་པོར་གྱུར།