འཚོལ་བཤེར།   
藏文频道
2022ལོའི་ཟླ་5ཚེས་15ཉིན།

༄༅།།ལོ་ཧྲིལ་པོར་ཆུ་བེད་ལས་གྲྭ་གལ་ཆེན་ཁག་30ཡན་ལས་འགོ་གསར་པ་འཛུགས་པའི་འགན་ལེན་བྱེད་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 05ཚེས་15ཉིན། 13:23】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཟླ་དང་པོ་ནས་བཞི་པའི་བར་ས་གནས་ཁག་གིས་ཆུ་བེད་འཛུགས་སྐྲུན་གྱི་ཐད་མ་དངུལ་སྒོར་དུང་ཕྱུར་2000ཙམ་བཏང་བ།
    འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཆུ་བེད་པུས་ཆུ་བེད་ལས་གྲྭ་གལ་ཆེན་ལས་འགོ་འཛུགས་པར་མགྱོགས་མྱུར་སྐུལ་འདེད་བཏང་ནས། རྣམ་གྲངས་ལ་ཞིབ་བཤེར་ཆོག་མཆན་སྤྲད་དེ་ལས་འགོ་འཛུགས་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཞིང་། འདི་ལོ་ནས་བཟུང་ཆུ་བེད་ལས་གྲྭ་གལ་ཆེན་ཁག་9ལས་འགོ་བཙུགས་པ་དང་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་300ལྷག་ཙམ་ཟིན་པ་དང་། ལོ་ཧྲིལ་པོར་ལས་གྲྭ་ཁག་30ཡན་ལས་འགོ་གསར་པ་འཛུགས་པའི་འགན་ལེན་བྱས་ཡོད། ཟླ་བཞི་པའི་ཟླ་མཇུག་བར་ས་གནས་ཁག་གིས་ཆུ་བེད་འཛུགས་སྐྲུན་ལ་མ་དངུལ་སྒོར་དུང་ཕྱུར་1958བཏང་བ་དེ་ན་ནིང་གི་དུས་མཚུངས་ལས་45.5%འཕར་ཡོད་པ་རེད།
   ཆུ་བེད་པུས་རིམ་ཁག་ཆུ་བེད་སྡེ་ཚན་གྱིས་དམིགས་ཚད་ལ་གཡོ་འགུལ་མི་གཏོང་བར་གོ་སྐབས་དམ་འཛིན་ནན་པོ་བྱས་ཏེ། དུས་འགོའི་ལས་ཀའི་འཕེལ་རིམ་གྱི་བཀོད་སྒྲིག་དང་ལས་འགོ་འཛུགས་པའི་དུས་ཀྱི་མཚམས་ཚིགས་ལ་གཞིགས་ནས་འབྲེལ་ཡོད་ལས་དོན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་དགོས། གསལ་ཐོ་ཅན་གྱི་དོ་དམ་བྱ་ཐབས་ལག་བསྟར་བྱས་ནས་རྣམ་གྲངས་ཁག་གི་དུས་འགོའི་ལས་ཀ་དང་ལས་འགོ་འཛུགས་པའི་ལྷུ་ཚིགས་ཁག་གི་དམིགས་ཚད་ལས་འགན་རིམ་པས་ཞིབ་བཟོ་བྱས་ནས་འགན་འཁྲི་ནན་དུ་ཏན་ཏིག་གཏོང་དགོས། འབྲེལ་ཡོད་སྡེ་ཚན་དང་མཐུན་སྦྱོར་འབྲེལ་མཐུད་ཡག་པོ་བྱས་ནས་ས་ཆ་བེད་སྤྱོད་ཀྱི་སྔོན་ཚུད་ཞིབ་བཤེར་དང་། གནས་སྤོས་ཡུལ་མི་བཀོད་སྒྲིག ཁོར་ཡུག་དཔྱད་དཔོག་སོགས་ཆ་རྐྱེན་གལ་ཆེན་སྒྲུབ་གཉེར་དང་ཞིབ་འཇུག་ཆོག་འཐུས་ཀྱི་ཞིབ་མཆན་འགོད་མགྱོགས་སུ་གཏོང་དགོས། ལས་དོན་ལ་སྐུལ་འདེད་གཏོང་བའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་རྩིས་ཁྲ་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། འཆར་གཞི་ཡོད་པའི་སྒོ་ནས་ལས་དོན་སྤེལ་བ། རྣམ་གྲངས་ཀྱི་འཕེལ་རིམ་གནས་ཚུལ་ལ་རྗེས་སྙེག དུས་ཐོག་ཏུ་བཀོད་གཏོང་གྲོས་མོལ་བཅས་བྱས་ཏེ། ལས་གྲྭའི་འཕེལ་རིམ་གྱི་དམིགས་ཚད་ལེགས་སྒྲུབ་བྱས་ཚུལ་ལ་ལྟ་སྐུལ་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་དགོས། འཛུགས་སྐྲུན་གྱི་མ་དངུལ་སྔོན་ལ་དོན་འཁྱོལ་ཡག་པོ་བྱེད་པ་དང་། ལས་འགོ་མ་ཚུགས་གོང་གི་གྲ་སྒྲིག་ལས་དོན་ཁག་ཡག་པོ་བསྒྲུབས་ཏེ་ཆ་རྐྱེན་འཛོམས་རྗེས་ལས་འགོ་སྔ་ཙམ་འཛུགས་དགོས་པ་བཅས་ཀྱི་བླང་བྱ་བཏོན་པ་རེད།