འཚོལ་བཤེར།   
藏文频道
2022ལོའི་ཟླ་5ཚེས་13ཉིན།

༄༅།།ཕྱི་འབྲེལ་པུས་ཁོ་རེ་ཡར་ནད་དཔེ་ཐོན་པའི་ཐད་ལན་བཏབ། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 05ཚེས་13ཉིན། 14:52】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་12ཉིན་འཚོགས་པའི་ཕྱི་འབྲེལ་པུའི་གསར་འགོད་པའི་རྒྱུན་ལྡན་ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས་དྲིས་དོན། སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཁོ་རེ་ཡར་ཏོག་གསར་ནད་དུག་གཏན་ཁེལ་བའི་ནད་གཞི་ཤེས་རྟོགས་བྱུང་འདུག ཀྲུང་གོ་ཕྱོགས་ཀྱིས་ཁོ་རེ་ཡ་ཕྱོགས་ལ་རིམས་འགོག་དང་དེ་བཞིན་རིམས་འགོག་སྨན་ཁབ་སོགས་ཐད་ཀྱི་མཉམ་ལས་བྱེད་སྲིད་དམ།
     མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས་དེའི་ཐད་བཤད་དོན། ཀྲུང་གོ་དང་ཁོ་རེ་ཡ་ནི་རི་ཆུ་འབྲེལ་བའི་མཛའ་མཐུན་ཁྱིམ་མཚེས་རྒྱལ་ཁབ་ཡིན་པ་དང་། ཕྱོགས་གཉིས་པོར་ཕན་ཚུན་རོགས་རེས་བྱེད་པའི་སྲོལ་རྒྱུན་བཟང་པོ་ཡོད། ཏོག་གསར་གློ་ཚད་རིམས་ནད་ཐོན་པ་ནས་བཟུང་། ཁོ་རེ་ཡ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་ཕྱོགས་ཀྱི་རིམས་ནད་འགོག་བཅོས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་པར་ཀྲུང་གོ་ཕྱོགས་ཀྱིས་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། མིག་སྔར་ཁོ་རེ་ཡ་ཕྱོགས་ལ་འཕྲད་པའི་རིམས་འགོག་དུས་བབ་ལ་ང་ཚོར་གཞན་སྡུག་རང་མྱོང་གི་བསམ་ཚུལ་བྱུང་ཞེས་བཤད་པ་རེད། ཁོ་རེ་ཡའི་བློ་མཐུན་དང་། ཁྱིམ་མཚེས། གྲོགས་པོ་བཅས་ཡིན་པའི་ཆ་ནས། ཀྲུང་གོ་ཕྱོགས་ཀྱིས་ཁོ་རེ་ཡ་ཕྱོགས་ཀྱི་རིམས་ནད་འགོག་བཅོས་ཐད་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་དང་རོགས་རམ་བྱ་རྒྱུ་དུས་དང་རྣམ་པ་ཀུན་དུ་གྲ་སྒྲིག་བྱེད་བཞིན་ཡོད་ཅེས་བཤད་པ་རེད།