༄༅།།ཡུན་བོད་ལྕགས་ལམ་གྱི་ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་དུམ་བུའི་ཕུག་ལམ་རིང་ཤོས་ཏལ་འབིགས་ཐུབ་པ།
གསར་འགྱུར་སྤེལ་དུས། 【2022ལོའི་ཟླ་ 05ཚེས་13ཉིན། 12:27】 (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
འདི་ག་ཚགས་པར་ཁང་དུ་ས་དམ་ནས་ཟླ་5ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་5ཉིན་འཛུགས་སྐྲུན་པ་1000ལྷག་ཙམ་གྱིས་ཉིན་མཚན་བལྟོས་མེད་ངང་འབད་འཐབ་བྱས་པ་བརྒྱུད། ཡུན་བོད་ལྕགས་ལམ་གྱི་གྲུབ་ཆ་གལ་ཆེན་གྱི་གྲས་ཤིག་ཡིན་པའི་ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་གྱི་གཡུ་འབྲུག་ལྷ་རིའི་ཕུག་ལམ་དེ་ཚེས་5ཉིན་ཏལ་འབིགས་ཐུབ་ཡོད། དེར་བརྟེན་ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་གྱི་ལག་ཐག་ཧྲིལ་པོར་ཕུག་ལམ་20ཡོད་པའི་ནང་ནས་ཕུག་ལམ་གཅིག་མ་གཏོགས་ཚང་མ་ཏལ་འབིགས་ཐུབ་པས་འདི་ལོ་ལྕགས་ལམ་ཤར་གཏོང་གཉེར་སྐྱོང་ཐུབ་རྒྱུར་རྨང་གཞི་བཏིང་ཡོད་པ་རེད།
གཡུ་འབྲུག་ལྷ་རིའི་ཕུག་ལམ་ནི་ཡུན་ནན་ཞིང་ཆེན་ས་དམ་གྲོང་ཁྱེར་གྱི་མངའ་ཁོངས་སུ་གནས་པ་དང་སྤྱིའི་རིང་ཚད་ལ་སྤྱི་ལེ་14.7ཡོད་པ་དེ་ནི་ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོའི་ཕུག་ལམ་རིང་ཤོས་དང་། འཕྲེད་རྒྱུག་རི་རྒྱུད་ཀྱི་རོང་ཁུལ་དུ་གནས་པ། རྒྱ་གར་བྲག་ལེབ་དང་ཡོ་རོབ་དང་ཨེ་ཤེ་ཡའི་བྲག་ལེབ་དབར་གྱི་འབྲེལ་གཏུག་ཁུལ་གྱི་མདུན་ས་བཅས་ཡིན་ལ། ཀྲུང་གོའི་ས་ཤུན་གྲུབ་ཚུལ་འགུལ་སྐྱོད་ཤུགས་ཆེ་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་ཀྱང་རེད། དེས་གས་སྲུབས་ཁྱོན་6བརྒྱུད་པ་དང་། གཡུ་འབྲུག་ལྷ་རིའི་མཐིལ་དུ་གནས་པ། དོན་ས་ནི་འབྲི་ཆུའི་སྟག་མཆོང་གྲོག་རོང་རེད།
ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོར་སྤྱི་ལེ་139ཟིན་པ་དང་། ཆུ་ཚོད་རེར་མྱུར་ཚད་སྤྱི་ལེ་120འཆར་འགོད་བྱས་པ། ལྷོ་ས་དམ་གྲོང་ཁྱེར་གྱི་བྱང་ངོས་ནས་འབྲི་ཆུ་བརྒལ་ཏེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་བར་ཡིན་ཞིང་ལམ་ཐག་ཧྲིལ་པོར་བབས་ཚུགས་13བཟོས་པ་དང་། ཟམ་པ་དང་ཕུག་ལམ་གྱི་བསྡུར་ཚད་ཀྱིས་73.4%བཟུང་བ། ས་དམ་གནའ་གྲོང་དང་། ལཱ་ཧྲེ་མཚོ། གཡུ་འབྲུག་ལྷ་རི། སྟག་མཆོང་གྲོག་རོང་། ཧ་པ་གངས་རི། སེམས་ཀྱི་ཉི་ཟླ་སོགས་གྲགས་ཅན་མཛེས་ལྗོངས་ཁུལ་དང་སྦྲེལ་ཡོད་པས་དེར“མཁའ་ལམ་མཛེས་ཤོས”ཞེས་བརྗོད་ཀྱི་ཡོད། ལྕགས་ལམ་བསྐྲུན་ནས་མེ་འཁོར་ཤར་གཏོང་ཐུབ་རྗེས་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་རུ་ལྕགས་ལམ་མེད་པའི་ལོ་རྒྱུས་མཇུག་འགྲིལ་རྒྱུ་དང་དུས་མཚུངས་ཁུན་མིང་ནས་སེམས་ཀྱི་ཉི་ཟླ་བར་གྱི་འགྲུལ་བཞུད་དུས་ཚོད་ཀྱང་ཧ་ཅང་ཐུང་དུ་འགྲོ་རྒྱུ་རེད།