འཚོལ་བཤེར།   
藏文频道
2022ལོའི་ཟླ་5ཚེས་13ཉིན།

༄༅།།མི་ཐབས་ཀྱི་རྩྭ་འདེབས་སྟངས་ཁྱབ་གདལ་དང་། འབྲོག་ལས་ཕྱོགས་སྒྱུར་ལ་སྐུལ་སྤེལ། རྩྭ་ལས་འཕེལ་རྒྱས་ལ་སྐུལ་འདེད།

ས་མཐོའི་རྩྭ་ཐང་སྐྱེ་ཁམས་ཡག་པོ་སྲུང་བ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 05ཚེས་13ཉིན། 10:58】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
འདི་ནི་ནག་ཆུ་གྲོང་ཁྱེར་ཉི་མ་རྫོང་གི་མི་ཐབས་ལ་བརྟེན་པའི་རྩྭ་འདེབས་རྟེན་གཞི་ཡིན་པ།
འདི་ནི་ནག་ཆུ་གྲོང་ཁྱེར་ཉི་མ་རྫོང་གི་མི་ཐབས་ལ་བརྟེན་པའི་རྩྭ་འདེབས་རྟེན་གཞི་ཡིན་པ།
   འདི་ག་ཚགས་པར་གྱི་གསར་འགོད་པ། ཆུང་བདག་སྒྲོལ་དཀར།
   བོད་ལ་གཞི་ཁྱོན་ཆེ་བའི་རང་བྱུང་རྩྭ་ཐང་ཡོད། ན་ཁ་དང་འབྲོག་ལས་ནི་ས་གནས་དེ་གའི་འབྲོག་པ་མང་ཚོགས་ཀྱི་འཚོ་གནས་དང་འཕེལ་རྒྱས་ཀྱི་རྨང་གཞིའི་ཐོན་ལས་ཤིག་རེད། “ནག་ཆུ་དང་མངའ་རིས་སོགས་སུ་དུས་ཡུན་རིང་པོ་ཕྱུགས་འཚོས་དྲགས་པའི་ཁར་ས་བབ་མཐོ་བ་དང་། གྲང་ངར་ཆེ་བ། ཐན་པ་བསྟན་པ་སོགས་ཀྱིས་རྐྱེན་པས་རྩྭའི་སྐྱེ་འཚར་ཞན་པ་དང་རྩྭ་ཐང་ཞན་འགྱུར་དུ་སོང་རྗེས་སླར་གསོ་བྱེད་འགོར་པོ་ཡོད། ན་ཁ་མི་ཉུང་བ་ཞིག་ཚད་གཞི་མི་འདྲ་བའི་སྒོ་ནས་ཉམས་ཞན་དུ་ཕྱིན་པ་དང་། སྐྱེ་ཁམས་བྱེད་ནུས་ཞན་དུ་ཕྱིན་པ། ཐོན་སྐྱེད་ནུས་ཤུགས་ཆག་ཡོད”ཅེས་བོད་ལྗོངས་ས་མཐོའི་རྩྭ་ལས་འདུ་འགོད་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཡུས་ཁྲེང་ཆུན་གྱིས་བཤད།
   2010ལོ་ནས་བཟུང་། བོད་ཀྱིས་ལྗོངས་ཡོངས་ཀྱི་ཁྱབ་ཁོངས་སུ་མི་ཐབས་ལ་བརྟེན་ནས་རྩྭ་འདེབས་པའི་རྣམ་གྲངས་ཁྱབ་གདལ་བཏང་སྟེ་རྩྭ་ཕྱུགས་དབར་གྱི་འགལ་ཟླ་ལས་བྱུང་བའི་རྩྭ་ཐང་སྐྱེ་ཁམས་བདེ་འཇགས་ཀྱི་གནད་དོན་ཞི་ལྷོད་དུ་གཏོང་བ་དང་། འབྲོག་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་མགྱོགས་པོ་གཏོང་བ། ན་ཁའི་ཐོན་ཁུངས་དང་ཁོར་ཡུག་གི་གནོན་ཤུགས་ཆུང་དུ་གཏོང་བ་བཅས་བྱས་པར་སྐྱེ་ཁམས་ཀྱི་ཕན་འབྲས་དང་དཔལ་འབྱོར་གྱི་ཕན་འབྲས་བཟང་པོ་ཐོན་ཡོད་པ་རེད།
   ཉིན་ཤས་གོང་། ཆ་སྙོམས་ས་བབ་མཐོ་ཚད་སྨི་5000ཟིན་པའི་ནག་ཆུ་གྲོང་ཁྱེར་ཉི་མ་རྫོང་གི་མི་ཐབས་ལ་བརྟེན་པའི་རྩྭ་འདེབས་རྟེན་གཞིར་ལས་དོན་མི་སྣས་རྩྭ་སོན་དང་ལུད་གྲ་སྒྲིག་བྱེད་བཞིན་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། མཐོ་གྲང་གནམ་གཤིས་ཀྱིས་རྐྱེན་པས་དེ་གར་ཟླ་4པར་ཡང་འཁྱགས་ས་བཞུ་མེད་ཅིང་། ཟླ་5པའི་ཟླ་མཇུག་ཏུ་གཞི་ནས་རྩྭ་འདེབས་ཐུབ་བཟོ་ཡོད་པ་རེད།
   “ས་བབ་མཐོ་བའི་ས་ཆ་འདི་འདྲར་རྩྭ་འདེབས་ལེགས་གྲུབ་ཡོང་གི་རེད་བསམས་བསམས་མ་བྱུང་། འདི་གར་ཡུ་གུའི་སྡོང་རྐང་རིང་ཚད་ལ་ཆ་སྙོམས་སྨི་1.5ཟིན་པ་དང་རིང་བ་ཁག་གཅིག་སྨི་1.7ཟིན་གྱི་ཡོད” 2021ལོར་ང་ཚོས་ཉི་མ་རྫོང་གི་མུའུ་ཁྲི་ཟིན་པའི་སྐྱེ་ལྡན་གཟན་རྩྭ་རྟེན་གཞིར་བརྒྱུད་རིམ་ཧྲིལ་པོ་འཕྲུལ་ཆས་ཅན་དང་ས་ཁོངས་ཅན་གྱི་མི་ཐབས་ལ་བརྟེན་ནས་རྩྭ་བཏབ་སྟེ་ནག་ཆུའི་རྩྭ་ལས་དང་འབྲོག་ལས་ཕྱོགས་སྒྱུར་རིམ་སྤོར་དང་རྩྭ་ཐང་སླར་གསོ་བྱེད་མགྱོགས་སུ་བཏང་ཡོད་ཅེས་ནག་ཆུ་གྲོང་ཁྱེར་རྩྭ་ཐང་ས་ཚིགས་ཀྱི་འབྲོག་ལས་ཚན་རིག་མཁས་ཅན་ཡན་ཅུན་གྱིས་བཤད།
   བོད་ཀྱི་འབྲོག་ལས་ཐོན་སྐྱེད་རྟེན་གཞི་གཙོ་བོ་ཡིན་པའི་ནག་ཆུར་རྩྭ་ཐང་གི་རྒྱ་ཁྱོན་ཆེ་མོད། འོན་ཀྱང་ས་བབ་མཐོ་བ་དང་སྐྱེ་ཁམས་ཁོར་ཡུག་ཧ་ཅང་ཉམས་ཞན་ཡོད། དེར་བརྟེན་ནག་ཆུ་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་གྱིས་མཐོ་གྲང་འབྲོག་ཁུལ་ལ་འཚམ་པའི་སྤུས་ལེགས་ཕྱུགས་རྩྭ་ཁྱབ་གདལ་གཏོང་བ་དང་། ཕྱུགས་རྩྭའི་སྤྱི་འབོར་མཐོ་རུ་གཏོང་བ། རྩྭ་ཐང་གི་གནོན་ཤུགས་ཆུང་དུ་གཏོང་བ། ཕྱུགས་འཚོས་དྲགས་པ་ལས་རྩྭ་ཕྱུགས་དབར་གྱི་འགལ་ཟླ་དང་རྩྭ་ར་ཞན་འགྱུར་གྱི་གནད་དོན་སེལ་བ་བཅས་ལས་འགན་གལ་ཆེན་དུ་བརྩི་གི་ཡོད།
    ནག་ཆུ་གྲོང་ཁྱེར་རྩྭ་ཐང་ས་ཚིགས་ཀྱི་ཀྲེན་ཀྲང་དང་མཐོ་རིམ་འབྲོག་ལས་ཚན་རིག་མཁས་ཅན་བསྟན་འབྱོར་ནོར་བུས་ཚོགས་པའི་སྣེ་ཁྲིད་དེ་དུས་ཡུན་རིང་པོ་རྩྭ་སོན་ནང་འདྲེན་དང་འདེམས་སྒྲུག་ལས་དོན་ལ་གཞོལ་བཞིན་ཡོད། ལོ་10ལྷག་ཙམ་འབད་བརྩོན་བྱས་པ་བརྒྱུད། ཁོང་ཚོས་ལྗོངས་ཕྱི་ནང་ནས་ཕྱུགས་རྩྭ་སྣ་ཁ་100ལྷག་ཙམ་ནང་འདྲེན་བྱས་ཏེ་ནག་ཆུའི་ས་ཆ་མི་འདྲ་བར་འདེབས་ལ་འཚམ་པའི་ཕྱུགས་རྩྭ་སྣ་ཁ་19ལེགས་འདེམས་བྱས་པ་མ་ཟད། 2021ལོར་སྤུས་ཀ་ལེགས་ཤིང་ཐོན་འབབ་མཐོ་བའི་ཕྱུགས་རྩྭ་དང་ཡུ་གུ་གཅིག་སྡུད་ཡུག་འབྲེལ་མུའུ་ཁྲི་5ལྷག་ཙམ་བཏབ་པ་དང་། ཁང་པའི་རྒྱབ་མདུན་དུ་མི་ཐབས་ལ་བརྟེན་ནས་རྩྭ་མུའུ་ཁྲི་4.6གྲུབ་འབྲས་ཐོབ་པའི་ངང་བཏབ་ཡོད།
   “མིག་སྔར། ང་ཚོས་མི་ཐབས་ལ་བརྟེན་ནས་ས་ཁོངས་ཅན་གྱི་རྩྭ་འདེབས་སྟངས་4འཚོལ་ཞིབ་བྱས་ཡོད་པ་ནི། འབྲོག་དུད་སོ་སོའི་ས་ཆ་མུའུ་ཁ་ཤས་ལ་དམིགས་ཏེ‘ཁང་པའི་རྒྱབ་མདུན་དུ’མི་ཐབས་ལ་བརྟེན་ནས་རྩྭ་འདེབས་པ་དང་། དུད་སྦྲེལ་གྱི་ས་ཆ་མུའུ་བཅུ་གྲངས་ལ་དམིགས་ཏེ‘རྩྭ་ལས་དང་འབྲོག་ལས་ཀྱི་ཚན་རྩལ་གསར་གཏོད་དཔེ་སྟོན་གྲོང་ཚོར’མི་ཐབས་ལ་བརྟེན་ནས་རྩྭ་འདེབས་པ། མཉམ་ལས་ཁང་དང་གསོ་ཚགས་དུད་ཚང་ཆེ་གྲས་ཀྱི་ས་ཆ་མུའུ་བརྒྱ་ཕྲག་ལ་དམིགས་ཏེ‘གཞི་ཁྱོན་འོས་འཚམ’གྱི་མི་ཐབས་ལ་བརྟེན་ནས་རྩྭ་འདེབས་པ། གཞི་ཁྱོན་ཅུང་ཆེ་བའི་མཉམ་ལས་ཁང་དང་ཁེ་ལས་ཀྱི་མུའུ་སྟོང་ཕྲག་ཁ་ཤས་དང་ཐ་ན་མུའུ་ཁྲི་ཡན་ལ་དམིགས་ཏེ‘བརྒྱུད་རིམ་ཧྲིལ་པོ་འཕྲུལ་ཆས་ཅན’གྱི་མི་ཐབས་ལ་བརྟེན་ནས་རྩྭ་འདེབས་པ་བཅས་རེད”ཅེས་བསྟན་འབྱོར་ནོར་བུས་བརྗོད། ཁོང་གིས་མི་ཐབས་ལ་བརྟེན་ནས་ས་ཁོངས་ཅན་གྱི་རྩྭ་འདེབས་པ་འཕེལ་རྒྱས་བཏང་ན་ས་ཆུ་སྲུང་འཛིན་དང་བྱེ་རླུང་དང་ཐང་རྒོད་ཅན་འགོག་བཅོས་བྱས་ཏེ། གཟན་རྩྭའི་ཐོན་འབབ་མང་དུ་གཏོང་བ་དང་རང་བྱུང་ན་ཁའི་རང་ངོས་སླར་གསོའི་ནུས་པ་མགྱོགས་སུ་གཏོང་བ་སོགས་ཀྱི་ཐད་སྐུལ་འདེད་ཀྱི་ནུས་པ་ལྡན་ཡོད་ཅེས་བཤད་པ་རེད།
    ཧི་མ་ལ་ཡའི་བྱང་འདབས་སུ་གནས་པའི་གཞིས་རྩེ་གྲོང་ཁྱེར་ཁང་དམར་རྫོང་ཉིང་རུ་སྟོད་ཤང་དུ་ལས་མིས་མི་ཐབས་ལ་བརྟེན་པའི་མུའུ་ཁྲི་ཡི་རྩྭ་འདེབས་རྟེན་གཞིར་གོ་རིམ་ལྡན་པའི་ངང་འདེབས་འཛུགས་ལས་ཀ་བྱེད་བཞིན་ཡོད་ཅིང་། གང་སར་བྲེལ་བརྩོན་གྱི་རྣམ་པས་ཁེངས།
   “ང་ཚོས་འདི་ལོ་འབུ་སུ་ཧང་སྨུག་པོ་དང་། ཡུ་གུ ལྗང་རྩྭ་བཅས་མུ་མཐུད་འདེབས་རྩིས་ཡོད” ལོ་དྲུག་རིང་ཉིང་རུ་སྟོད་ཤང་གིས་མུའུ་ཁྲི་2.3ཟིན་པའི་མི་ཐབས་ལ་བརྟེན་པའི་རྩྭ་འདེབས་རྟེན་གཞི་བཏོད་ནས་དེ་དང་ལྷན་སྦྱར་གྱི་ལུག་གསོ་ཚགས་ལས་རིགས་དང་རྩྭ་རིལ་ཐོན་སྐྱེད་བྱ་ཡུལ་བསྐྲུན་པས་གྲོང་ཚོ་དེ་བས་སྔོ་ལྗང་མཛེས་སྡུག་ལྡན་པར་གྱུར་པ་མ་ཟད། མང་ཚོགས་ལའང་འབབ་འཕར་བྱུང་ཡོད་ཅེས་ཉིང་རུ་སྟོད་ཤང་གི་ཤང་ཀྲང་ཀརྨ་བསྟན་དར་གྱིས་བཤད།
    “ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ་དར་རྒྱས་གྲོང་ཚོར་ལོ་མཇུག་ཏུ་ལུག་མགོ་གྲངས་རེར་སྒོར་70ཡི་ཚད་གཞི་ལྟར་བགོ་འགྲེམས་རྒྱག་ཆོག་གི་ཡོད། ན་ནིང་ཤང་ཡོངས་ཀྱི་དུད་ཚང་400གྲོང་མི་བགོ་བགྲེམས་ནང་ཞུགས་པར་ཁྱོན་སྒོར་ཁྲི་50ལྷག་ཙམ་རག་ཡོད”གཞན་ཡང་མཉམ་ལས་ཁང་གིས་རྣམ་གྲངས་ལག་ལེན་བསྟར་ཡུལ་གྱི་མི་200ལྷག་ཙམ་ལས་ཀར་བསྡུས་ཡོད་ཅེས་མཉམ་ལས་ཁང་གི་འགན་འཁུར་བ་ལི་ཤིན་གྱིས་ངོ་སྤྲོད་བྱས།
   བོད་རང་སྐྱོང་ལྗོངས་གནམ་གཤིས་ལྟེ་གནས(བོད་རང་སྐྱོང་ལྗོངས་རྒྱང་ཚོར་ཉེར་སྤྱོད་ཞིབ་འཇུག་ལྟེ་གནས)ཀྱི་ཀྲུའུ་རེན་སྤེན་རྡོར་གྱིས་མི་ཐབས་ལ་བརྟེན་ནས་རྩྭ་འདེབས་པ་དེས་རྩྭ་ཕྱུགས་དབར་གྱི་འགལ་ཟླ་ཆུང་དུ་གཏོང་བ་དང་། འབྲོག་ལས་འཕེལ་རྒྱས་ཀྱི་དངོས་པོའི་རྨང་གཞི་བརྟན་དུ་གཏོང་བ། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་བྱེད་པ་སོགས་ཐད་དགེ་མཚན་ལྡན་པའི་ནུས་པ་ཐོན་གྱི་ཡོད་ཅེས་བཤད་པ་རེད།