འཚོལ་བཤེར།   
藏文频道
2022ལོའི་ཟླ་5ཚེས་12ཉིན།

༄༅།།“ང་ཚོས་ལོ་རྒྱུས་བཏོད་ཡོད”

—— ཇོ་མོ་གླང་མའི་ཚན་རིག་རྟོག་ཞིབ་རུ་མིའི“སྤོབས་པ་བྱེད་འོས་པའི་དུས་སྐབས”

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 05ཚེས་12ཉིན། 11:52】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཟླ་5ཚེས་4ཉིན“རི་རྩེའི་ལས་འགན”ཇོ་མོ་གླང་མའི་ཚན་རིག་རྟོག་ཞིབ་ཀྱི་དབུ་རྩེར་འཛེགས་པའི་ལས་དོན་ཚོགས་ཆུང་གི་རུ་མི་13གྱིས་འཛམ་གླིང་གི་རི་བོ་མཐོ་ཤོས་ཀྱི་དབུ་རྩེར་འཛེགས་ཤིང་། ཚན་རིག་རྟོག་ཞིབ་རུ་མི་ཚོས་གྲང་ངར་ཤིན་ཏུ་ཆེ་བ་དང་། གསོ་རླུང་དཀོན་པ། གངས་གསོག་ཐེབས་པ་སོགས་ཀྱི་འགྲན་སློང་ཁྱད་དུ་བསད་ནས་གཟེངས་སུ་ཐོན་པའི་ངང་ལས་འགན་ལེགས་སྒྲུབ་བྱས་པ་རེད།
     འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་རང་འགུལ་གནམ་གཤིས་བརྟག་དཔྱད་ས་ཚིགས་བཙུགས་ནས“སའི་གོ་ལའི་ཡང་རྩེར”ཞིབ་ཚད་མཐོ་བའི་ལེ་ཏ་སྤྱད་དེ་རི་རྩེའི་གངས་འཁྱགས་ཀྱི་མཐུག་ཚད་ཐེངས་དང་པོ་འཇལ་བ་དང་རང་རྒྱལ་གྱི་ཇོ་མོ་གླང་མའི་ཚན་རིག་རྟོག་ཞིབ་ཀྱི་མཐོ་ཚད་སྨི་8000ཡན་གྱི་ས་བབ་ཐེངས་དང་པོར་བརྒལ་བ་ལ་སོགས་ཚན་རིག་རྟོག་ཞིབ་རུ་མི་ཚོས་སའི་གོ་ལའི་ཡང་རྩེར་ཚན་རིག་རྟོག་ཞིབ་ཀྱི་ཟིན་ཐོ་གསར་པ་མང་པོ་བཏོད་པ་རེད།
     ཇོ་མོ་གླང་མའི་ཚན་རིག་རྟོག་ཞིབ་ཀྱི་དབུ་རྩེར་འཛེག་པའི་ལས་དོན་ཚོགས་ཆུང་གི་ཙུའུ་ཀྲང་བདེ་ཆེན་དངོས་གྲུབ་ཀྱིས་དེ་སྔ་ཇོ་མོ་གླང་མའི་དབུ་རྩེར་ཐེངས་4འཛེགས་མྱོང་བ་མ་ཟད། གླིང་ཆེན་བདུན་གྱི་རི་བོ་མཐོ་ཤོས་འཛེགས་པ་དང་རྐང་ཐང་མར་ལྷོ་སྣེ་དང་བྱང་སྣེའི་མཐར་ཟད་མྱུལ་དཔྱད་ལེགས་སྒྲུབ་བྱས་པ་རེད། ཁོང་གིས། ད་ཐེངས་ཀྱི་ཇོ་མོ་གླང་མའི་ཚན་རིག་རྟོག་ཞིབ་ཀྱི་དབུ་རྩེར་འཛེག་པའི་ལས་འགན་གྱི་དཀའ་ཚེགས་བསམ་ཚོད་ལས་བརྒལ་སོང་ཞེས་བཤད་པ་རེད།
     ཟླ་5པའི་ཟླ་འགོར་ཇོ་མོ་གླང་མའི་ཁུལ་གྱི་གནམ་གཤིས་ཧ་ཅང་ཡག་པོ་ཡོད་པས་ཚན་རིག་རྟོག་ཞིབ་རུ་ཁག་གི་ས་བབ་སྨི་8300མན་གྱི་རི་འཛེག་བདེ་བླག་བྱུང་ཡོད།
     ཚེས་3ཉིན་རྒྱུན་སྲོལ་ལྟར་ཁོང་ཚོ་ས་བབ་སྨི་7900ཟིན་པའི་སྒར་ས་གཉིས་པར་ཞག་སྡོད་བྱེད་དགོས་ཀྱི་ཡོད། ཚན་རིག་རྟོག་ཞིབ་རུ་ཁག་གི་རུ་མི་ཚང་མ་ཆེད་ལས་རི་འཛེག་ལུས་རྩལ་པ་ཡིན་པས་མདུན་སྐྱོད་ཀྱི་མྱུར་ཚད་ཧ་ཅང་མགྱོགས་པོ་ཡོད་པར་བརྟེན། ཁོང་ཚོས་ཐད་ཀར་སྒར་ས་གཉིས་པ་སྒྲོལ་ཏེ་ས་བབ་མཐོ་ཚད་སྨི་8300ཟིན་པའི་འཕྲལ་རྒོལ་སྒར་སར་བཅའ་སྡོད་བྱས་ནས་དབུ་རྩེར་འཛེག་པའི་དུས་ཚོད་ཉིན་གཅིག་སྔ་སྣུར་བྱས་པ་རེད།
     བརྒྱུད་རིམ་བདེ་བླག་བྱུང་བས་རུ་མི་ཚང་མ་དགའ་སྤྲོ་རབ་ཏུ་འཁོལ་བ་དང་ཡིད་ཆེས་ཀྱིས་ཁེངས། ཉིན་དེའི་མཚན་མོར་བདེ་ཆེན་དངོས་གྲུབ་ཀྱིས་བརྙན་ལམ་བརྒྱུད་གསར་འགོད་པ་དང་གླེང་མོལ་བྱེད་སྐབས“རུ་མི་ཚང་མའི་གཟུགས་པོའི་གནས་ཚུལ་ཧ་ཅང་ཡག་པོ་འདུག ཚང་མ་བདེ་བླག་བྱུང་སོང་། སང་ཉིན་དབུ་རྩེར་འཛེག་ཐུབ་ས་རེད”ཅེས་བཤད།
     ཚེས་4ཉིན་གྱི་ཐོ་རེངས་ཆུ་ཚོད་གཉིས་པར་རུ་མི་ཚོ་མལ་ལས་ལངས་ནས་རྩམ་པ་དང་། ལུག་ཤ། སྟབས་བདེའི་ཐུག་པ་སོགས་ཞོགས་ཟས་བཟས་རྗེས་ཆུ་ཚོད་གསུམ་པར་དབུ་རྩེར་འཛེག་འགོ་ཚུགས། འོན་ཀྱང་བསམ་ཡུལ་ལས་འདས་པའི་ཐོལ་བྱུང་གནས་ཚུལ་ཞིག་ལས་ཚན་རིག་རྟོག་ཞིབ་རུ་ཁག་གི་གོམ་སྟབས་དལ་དུ་གཏོང་དགོས་འཁེལ།
     “ཇོ་མོ་གླང་མའི་ས་བབ་མཐོ་ཚད་སྨི་8300ཡན་གྱི་གངས་གསོག་གི་མཐུག་ཚད་ལི་སྨི་ལྔ་བཅུ་དྲུག་ཅུ་ཙམ་ཟིན་ཡོད”ཆུ་ཚོད་བཅུ་ཕྲག་ཁ་ཤས་སོང་རྗེས་བདེ་ཆེན་དངོས་གྲུབ་ཀྱིས་ཇོ་མོ་གླང་མའི་འདབས་སུ་གསར་འགོད་པར“རི་འཛེག་སྐབས་བདེ་འཇགས་ཐག་པ་ཚང་མ་གངས་ནང་དིམ་སོང་། གལ་ཏེ་ཐག་པ་མེད་ཚེ་འདྲེད་བརྡབ་ཤོར་ནས་གནས་ཚུལ་ཐོན་སྲིད”ཅེས་བཤད།
     གངས་གསོག་ཁྲོད་རུ་མི་རྣམས་གོམ་པ་ཁྱར་རེ་ཁྱོར་རེ་སྤོ་བ་དང་གོམ་པ་སྤོ་ཐེངས་རེར་པུས་མོ་བར་གངས་ནང་དིམ་གྱི་ཡོད། ཐག་པ་གངས་ཀྱི་ཁྲོད་དུ་མཁྲེགས་པོར་གྱུར་ནས་ལག་གཉིས་ཀྱིས་ཐག་པ་འཐེན་དགོས་པ་དང་དེ་ནས་ཐག་པའི་ངོས་སུ་ཆགས་པའི་འཁྱགས་པ་བརྡབ་བརྡབ་གཏོང་དགོས་ཀྱི་ཡོད། བདེ་ཆེན་དངོས་གྲུབ་ཀྱིས“དྲང་ཐིག་བར་ཐག་སྨི་500ཙམ་ཡོད་པའི་རི་འཛེག་ལམ་བུ་དེར་ཆུ་ཚོད་བདུན་བརྒྱད་ཙམ་འགོར་སོང”ཞེས་བཤད།
     དུས་ཡུན་རིང་པོ་ས་བབ་ཤིན་ཏུ་མཐོ་བའི་ཁུལ་དུ་གནས་པ་དང་འགྲོ་སྐྱོད་འགོར་པོ་ཡོད་པས། རུ་མི་ཞིག་གི་གཟུགས་པོའི་དྲོད་ཚད་ཤུགས་ཆེན་ཆག་ནས་གཟུགས་པོ་ཡོངས་འདར་སིག་རྒྱག་པ་དང་ལག་གཉིས་འཁྱགས་ནས་ཚོར་ཤེས་ཉམས་ཏེ་ཐག་པ་འཐེན་ཐུབ་ཀྱི་མེད།
     ཇོ་མོ་གླང་མའི་ཚན་རིག་རྟོག་ཞིབ་ཀྱི་དབུ་རྩེར་འཛེག་པའི་ལས་དོན་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་བཀྲ་ཤིས་ཕུན་ཚོགས་ཀྱིས་ད་ཐེངས་ཀྱི་དབུ་རྩེར་འཛེག་པའི་མཇུག་བསྡུའི་ལས་དོན་གྱི་འགན་འཁུར་ཞིང་། བཀྲ་ཤིས་ཕུན་ཚོགས་ཀྱིས་རུ་མི་དེའི་ལག་ཤུབས་ཕུད་ནས་ལག་པ་རང་གི་མཆན་ཁུང་འོག་ཏུ་བཅུག
     “རི་འཛེག་ལུས་རྩལ་ཁྲོད་སེམས་ཁྲལ་ཆེ་ཤོས་ནི་འཁྱགས་སྐྲངས་ཐེབས་པ་དེ་ཡིན་མོད། འོན་ཀྱང་གནས་ཚུལ་དེ་རྟག་ཏུ་འཕྲད་ཀྱི་ཡོད”འདི་ལོ་ལོ་39ལ་སླེབས་པའི་བཀྲ་ཤིས་ཕུན་ཚོགས་ནི་ཚན་རིག་རྟོག་ཞིབ་རུ་ཁག་གི་ལོ་ན་ཆེ་ཤོས་ཀྱི་རུ་མི་ཞིག་ཡིན་པ་དང་ད་ཐེངས་ནི་ཁོང་ཇོ་མོ་གླང་མར་འཛེག་ཐེངས་16པ་རེད། “ལོ་ཁ་ཤས་གོང་འཁྱགས་སྐྲངས་ཐེབས་ནས་ངའི་རྐང་མཛུབ་གཉིས་ཤོར་སོང”ཞེས་ཁོང་གིས་བཤད།
     “ཡུན་རིང་མ་སོང་བར་རུ་མི་དེའི་གཟུགས་པོར་དྲོད་ཁུག”བཀྲ་ཤིས་ཕུན་ཚོགས་ཀྱིས་དུས་ཐོག་ཏུ་དྲོད་ཁུག་ཐབས་བྱས་པ་བརྒྱུད་རུ་མི་དེའི་ལག་གཉིས་ལ་རྨས་སྐྱོན་ཕོག་མེད་པ་དང་ཡུན་རིང་མ་སོང་བར་ཁོང་གི་ཚོར་ཤེས་སླར་གསོ་བྱུང་སྟེ་མདུན་དུ་ཡོད་པའི་རུ་མི་ཚོའི་རྗེས་བསྙེགས་པ་རེད།
     སྐབས་དེར་ཇོ་མོ་གླང་མའི་ཚན་རིག་རྟོག་ཞིབ་སྤྱི་ཁྱབ་བཀོད་འདོམས་ཚོགས་གུར་ནང་ཇོ་མོ་གླང་མའི་དབུ་རྩེར་ཐེངས་གཉིས་འཛེགས་མྱོང་བའི་བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་ཉི་མ་ཚེ་རིང་གིས་གོ་རིམ་ལྡན་པའི་ངང་བཀོད་འདོམས་བྱེད་བཞིན་ཡོད་ཅིང་། ཁོང་གིས“ངེས་པར་དུ་རུ་མི་ཚང་མ་བདེ་འཇགས་ངང་ཕྱིར་ཁྲིད་ནས་ཚན་རིག་རྟོག་ཞིབ་ཀྱི་ལས་འགན་ལེགས་སྒྲུབ་ཐུབ་པའི་འགན་ལེན་བྱེད་དགོས”ཞེས་བཤད།
     “གངས་ཆེན་པོ་འབབ་པ་དང་གྲང་ངར་ཤིན་ཏུ་ཆེ་བ་ཕུད། ཚན་རིག་རྟོག་ཞིབ་རུ་མི་ཚོའི་རྡོག་ཁྲེས་ཀྱང་འགྲན་སློང་ཞིག་ཏུ་གྱུར་ཡོད”བཀྲ་ཤིས་ཕུན་ཚོགས་ཀྱིས། ད་ཐེངས་ང་ཚོས་ཇོ་མོ་གླང་མའི་ཚན་ཞིབ་སྒྲིག་ཆས་འཛུགས་པ་དང་ཚན་ཞིབ་ཡོ་བྱད་བཀོལ་སྤྱོད་སོགས་ཀྱི་ལས་དོན་ལེགས་སྒྲུབ་བྱེད་དགོས་པས་མི་རེས་ལྗིད་ཚད་ལ་སྤྱི་རྒྱ་15ཙམ་གྱི་དངོས་རྫས་ཁུར་དགོས་པ་དེ་ནི་སྤྱིར་བཏང་གི་རི་འཛེག་ལས་འགན་གྱི་ལྡབ་གཉིས་རེད་ཅེས་གསར་འགོད་པར་བཤད།
     སྔོན་གྱི་འཆར་གཞི་ལྟར་ན་ཚན་རིག་རྟོག་ཞིབ་རུ་ཁག་སྔ་དྲོའི་ཆུ་ཚོད་8པར་ས་བབ་མཐོ་ཚད་སྨི་8800ཡི་སར་འབྱོར་ནས་གནམ་གཤིས་བརྟག་དཔྱད་ས་ཚིགས་འཛུགས་ཆོག་གི་ཡོད། བཀྲ་ཤིས་ཕུན་ཚོགས་ཀྱིས“དེ་གར་སླེབས་སྐབས་ཆུ་ཚོད་གསུམ་གྱིས་ཕྱི་བ་འདུག་པས་གངས་གསོག་ཐེབས་ཚད་དེ་བས་མཐུག་ཏུ་ཕྱིན་འདུག རུ་མི་ཚོས་ལག་པས་སྨི་1ལྷག་ཙམ་དྲུས་ཀྱང་སྒྲིག་ཆས་བཙུགས་ཆོག་པའི་རྡོ་གཅིག་ཀྱང་རྙེད་མ་བྱུང”ཞེས་བཤད།
     བདེ་ཆེན་དངོས་གྲུབ་ཀྱིས་བཀོད་འདོམས་པུའུ་ལ་གནས་ཚུལ་དེ་སྙན་སེང་ཞུས་རྗེས་མུ་མཐུད་རི་འཛེགས་པ་དང་། ཆུ་ཚོད་ཕྱེད་ཀ་ལྷག་ཙམ་འཛེག་མཐར་དབུ་རྩེ་དང་བར་ཐག་ཧ་ཅང་ཉེ་བའི་ས་ནས་གནམ་གཤིས་བརྟག་དཔྱད་ས་ཚིགས་འཛུགས་རྒྱུར་འཚམ་པའི་རྡོ་རྙེད།
     ཆུ་ཚོད་གཅིག་ལྷག་ཙམ་སོང་རྗེས་གནམ་གཤིས་བརྟག་དཔྱད་ས་ཚིགས་བཙུགས་ཐུབ་ཡོད། སྐབས་དེ་དུས་རུ་མི་ཁག་གཅིག་དབུ་རྩེར་འབྱོར་ནས་ལེ་ཏ་སྤྱད་དེ་གངས་ཀྱི་མཐུག་ཚད་འཇལ་བ་དང་གངས་འཁྱགས་ཀྱི་མ་དཔེ་འཚོལ་བསྡུ་སོགས་ཚན་ཞིབ་ལས་དོན་སྤེལ་བ་རེད། བདེ་ཆེན་དངོས་གྲུབ་ཀྱིས། ཚན་རིག་རྟོག་ཞིབ་རུ་མི་13ཚང་མ་དབུ་རྩེར་འབྱོར་སྐབས་ཇོ་མོ་གླང་མའི་ལྷོ་ངོས་ཀྱི་སྤྲིན་པ་དལ་གྱིས་འཕྱོ་བས་རུ་མི་ཚོ་མཁའ་དབྱིངས་སྨུག་སྤྲིན་ལས་ཀྱང་མཐོ་བ་ཡོད་པའི་སྣང་བ་ཞིག་བྱུང་ཞེས་བཤད།
     ཚེས་4ཉིན་གྱི་ཉིན་དགུང་ཚན་རིག་རྟོག་ཞིབ་རུ་མི་13ཚང་མ་དབུ་རྩེར་འབྱོར་ནས་ཚན་རིག་རྟོག་ཞིབ་ཀྱི་ལས་འགན་ཁག་ལེགས་སྒྲུབ་བྱུང་བས། སྒར་ས་ཆེ་མོའི་མི་རྣམས་ཀྱིས་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་དང་ལག་པ་གཏོང་རེས་བྱས་ནས་རྟེན་འབྲེལ་ཞུས་པ་རེད།
     ཚན་རིག་རྟོག་ཞིབ་རུ་མི་རྡོ་རྗེ་རྒན་པ་ནི་ཇོ་མོ་གླང་མའི་དབུ་རྩེར་འཛེག་ཐེངས་གསུམ་པ་རེད། ལོ་23ལ་སླེབས་པའི་ལོ་དེར་ཁོང་གིས་ཇོ་མོ་གླང་མའི་དབུ་རྩེར་ཐེངས་དང་པོ་འཛེགས་ཤིང་། ཁོང་གིས“སྐབས་དེ་དུས་ཕ་མའི་འདྲ་པར་འཁྱེར་ཡོད་པས་ཁོང་ཚོ་ཚང་མས་སྤོབས་པ་ཆེན་པོ་བྱེད་ཀྱི་འདུག”ཅེས་བཤད།
     ད་ཆ་ཁོང་འཇིག་རྟེན་མཐུན་འཇུག་ལས་ལ་ཞུགས་ཟིན་པས། ད་ཐེངས་ཁོང་གིས་བཟའ་ཟླ་དང་ཕྲུ་གུར་བརྙན་ལམ་ཁ་པར་བཏང་ནས་ཁོང་ཚོར་སའི་གོ་ལའི་དབུ་རྩེའི་ངོ་མཚར་ལྟ་རུ་འཇུག་རྒྱུའི་ཁས་བླངས་མོད། འོན་ཀྱང་ལས་འགན་ལྕི་བའི་ཁར་དུས་ཚོད་ཛ་དྲག་པས་ཇོ་མོ་གླང་མའི་དབུ་རྩེར་ཁོང་ལ་ལག་ཐོགས་ཁ་པར་སྤྱོད་པའི་ཁོམ་པ་བྱུང་མེད།
     བཟའ་ཟླས་གསར་འགྱུར་སྤེལ་བ་མཐོང་རྗེས་གཞི་ནས་རང་ཉིད་ཀྱི་ཁྱོ་ག་ད་ཐེངས“རི་རྩེའི་ལས་འགན”ཚན་རིག་རྟོག་ཞིབ་ལས་འགན་ལེགས་སྒྲུབ་བྱེད་པར་བསྐྱོད་པ་ཤེས། རྡོ་རྗེ་རྒན་པས“ནང་མི་ཚོས་ངའི་འདི་ལོའི་ལས་འགན་དེ་བས་གཟི་བརྗིད་ལྡན་པ་དང་དེ་བས་སྤོབས་པ་སྐྱེ་འོས་པ་ཞིག་ཡོད་པ་སྙམ་གྱི་ཡོད”ཅེས་བཤད།
     “ས་བབ་ཤིན་ཏུ་མཐོ་བའི་ཚན་རིག་རྟོག་ཞིབ་དང་རི་འཛེག་མཉམ་འདྲེས་གཏིང་ཟབ་བྱས་པ་དེས་སའི་གོ་ལའི་ཡང་རྩེའི་ཚན་རིག་རྟོག་ཞིབ་ཀྱི་ལམ་ཚད་གསར་པ་ཞིག་བཏོད་ནས་ཚན་རྩལ་སྟོབས་ཆེའི་རྒྱལ་ཁབ་བསྐྲུན་རྒྱུར་ཞབས་འདེགས་ཞུས་ཡོད”ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོའི་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་གཞོན་པ་དང“རི་རྩེའི་ལས་འགན”ཇོ་མོ་གླང་མའི་ཚན་རིག་རྟོག་ཞིབ་ཀྱི་མདུན་ཕྱོགས་ཀྱི་སྤྱི་ཁྱབ་བཀོད་འདོམས་པ་ཨན་པའོ་ཧྲེང་གིས། “ཚན་རིག་རྟོག་ཞིབ་རུ་མི་13ཚང་མ་ཇོ་མོ་གླང་མའི་དབུ་རྩེར་འབྱོར་བ་དེས་མཚོ་བོད་ས་མཐོའི་ཚན་རིག་རྟོག་ཞིབ་ཀྱི་ལོ་རྒྱུས་ཐོག་དུས་རབས་འབྱེད་པའི་དོན་སྙིང་ལྡན་ཡོད”ཅེས་བཤད།