འཚོལ་བཤེར།   
藏文频道
2022ལོའི་ཟླ་4ཚེས་27ཉིན།

༄༅།།སི་ཁྲོན་རྔ་པ་རྫོང་གིས། རྒྱལ་ཁབ་བདེ་འཇགས་སློབ་གསོ་དགོན་སྡེར་སྤེལ་བའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 04ཚེས་27ཉིན། 10:43】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། སི་ཁྲོན་ཞིང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་གཞུང་ཕྱོགས་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར་སི་ཁྲོན་ཞིང་ཆེན་རྔ་པ་རྫོང་གིས་དགོན་སྡེ་ཁག་ཏུ“སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་འཛུགས་པ་དང་། དུས་རབས་གསར་པའི་རྒྱལ་ཁབ་བདེ་འཇགས་གྲུབ་འབྲས་ཚོར་བ་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་རྣམ་པ་བཟང་པོ་གཏོད་དགོས”ཞེས་བརྗོད་དོན་གཙོ་བོར་བྱེད་པའི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོའི་སློབ་གསོའི་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་བ་རེད།
    ད་ཐེངས་ཀྱི་དྲིལ་བསྒྲགས་བྱེད་སྒོ་དེ་དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་གྱི་བྱ་ཐབས་སྤྱད་ནས་སྤེལ་བ་དང་སྐད་འཕྲིན་དང་ཁྱུག་དབྱིངས་སོགས་ལས་སྟེགས་བརྒྱུད་སྤྲོ་སྣང་དོད་ལ་གསོན་ཉམས་ལྡན་པའི་རྒྱལ་ཁབ་བདེ་འཇགས་ཉིན་མོའི་བཅའ་ཁྲིམས་ཁྱབ་གདལ་བརྙན་ཐུང་དེ་གྲྭ་བཙུན་མང་ཚོགས་ལ་བརྒྱུད་བསྐུར་བྱས་པ་དང་། རྒྱལ་ཁབ་བདེ་འཇགས་ཀྱི་དཔེ་མཚོན་གྱོད་དཔེའི་སློབ་གསོ་ཉེན་གཏོང་གློག་བརྙན་གཅིག་སྡུད་ཐོག་བལྟས་པ་དང་རེ་ཟུང་གིས་བལྟས་པ་བརྒྱུད། དཔེ་མཚོན་གྱོད་དཔེའི་ཉེན་གཏོང་ཟིལ་གནོན་གྱི་ནུས་པ་འདོན་སྤེལ་གཏིང་ཟབ་ཐུབ་ནས་རྒྱ་ཆེའི་གྲྭ་བཙུན་གྱིས་ཡང་དག་པའི་རྒྱལ་ཁབ་བདེ་འཇགས་ཀྱི་ལྟ་བ་འཛུགས་རྒྱུར་མཛུབ་ཁྲིད་བྱས་པ་དང་གྲྭ་བཙུན་གྱི་རྒྱལ་ཁབ་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་ཕྱིན་པ། དགོན་སྡེ་དང་གྲྭ་ཤག་ཏུ་སོང་ནས་གཅིག་སྡུད་ཐོག་བཞུགས་མོལ་དང་རེ་ཟུང་བཅར་གླེང་གི་བྱ་ཐབས་བརྒྱུད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས》དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་ཁ་ཕྲལ་ངོ་རྒོལ་བཅའ་ཁྲིམས》 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གསང་མྱུལ་ངོ་རྒོལ་བཅའ་ཁྲིམས》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་གསང་འཕྲིན་བཅའ་ཁྲིམས》སོགས་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་འགྲེལ་བཤད་བརྒྱབ་སྟེ་དུས་རབས་གསར་པའི་རྒྱལ་ཁབ་བདེ་འཇགས་དང་འཇིགས་སྐུལ་ངོ་རྒོལ་ལས་དོན་ལ་བྱུང་བའི་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་དང་། ཐོབ་པའི་གྲུབ་འབྲས། བསགས་པའི་ཉམས་མྱོང་བཅས་དྲིལ་བསྒྲགས་བྱས་ནས་དེང་གི་དུས་མཚམས་ཀྱི་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་འབྲེལ་ཡོད་བླང་བྱ་གསལ་འགྲེལ་བྱས་པ་རེད། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གལ་ཆེའི་རང་བཞིན་སྒྲོག་འགྲེལ་བྱས་པ་བརྒྱུད་གྲྭ་བཙུན་ཚོར་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པ་དང་། ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་པ། བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་བཅས་ནི་གྲྭ་བཙུན་ཚོ་ཐོས་བསམ་སྒོམ་གསུམ་ལ་གཞོལ་བ་དང་མི་དམངས་བདེ་སྡོད་ལས་བརྩོན་གྱི་སྲུང་ཡོལ་ནུས་ལྡན་ཡིན་པ་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་དང་རྒྱལ་ཁབ་ཡུན་རིང་བདེ་འཁོད་ཀྱི་འགན་ལེན་ནུས་ལྡན་ཡིན་པའི་སློབ་གསོ་ཁྲིད་སྟོན་གཏིང་ཟབ་བྱས་པ་རེད།
    རྒྱ་ཆེའི་གྲྭ་བཙུན་ཚོས་རྒྱལ་ཁབ་གནས་ཚེ་བསྟན་པ་མི་ནུབ་པ་དང་རྒྱལ་ཁབ་བདེ་འཇགས་ཐུབ་ཚེ་བསྟན་པ་དར་ཐུབ། སྤྱི་ཚོགས་ཡོངས་སུ་རྒྱལ་ཁབ་བདེ་འཇགས་ཀྱི་འདུ་ཤེས་གྲུབ་པ་དང་མི་ཚང་མ་རྒྱལ་ཁབ་བདེ་འཇགས་ཁྲོད་ཞུགས་ཚེ་མི་དམངས་ལ་གཞི་ནས་བདེ་སྐྱིད་བག་ཕེབས་ཀྱི་འཚོ་བ་སྐྱེལ་རྒྱུ་ཡོང་ཐུབ། ང་ཚོས་ཆོས་ལུགས་སྒོམ་སྒྲུབ་ཉམས་ལེན་བྱེད་པ་དང་ཆབས་ཅིག་རྟོགས་པ་སྔར་བས་གོང་མཐོར་གཏོང་བ་དང་དར་ཆ་གསལ་སྟོན་བྱེད་པ། སྔ་ཕྱི་བར་གསུམ་དུ་རྒྱལ་གཅེས་རིང་ལུགས་ཀྱི་དར་ཆ་མཐོན་པོར་སྒྲེང་བ་དང་སྔ་ཕྱི་བར་གསུམ་དུ་ཏང་དང་སྲིད་གཞུང་དང་བློ་སེམས་གཅིག་མཐུན་བྱེད་པ། མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། རྒྱལ་ཁབ་གཅིག་གྱུར་ལ་སྲུང་སྐྱོང་བཅས་བྱས་ཏེ་རྔ་པ་རྫོང་གི་སྤྱི་ཚོགས་བརྟན་ལྷིང་དང་། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན་བཅས་ཀྱི་ཆེད་ཆོས་ལུགས་ལས་རིགས་ཀྱི་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་བརྗོད་པ་རེད།