འཚོལ་བཤེར།   
藏文频道
2022ལོའི་ཟླ་4ཚེས་26ཉིན།

༄༅།།ཡུན་ཁྲོན་བོད་གསུམ་གྱིས་འབྲི་ཆུའི་རྒྱུད་དུ་མཉམ་དུ་སྐོར་གཡེང་ཐོག་མ་བྱས་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 04ཚེས་26ཉིན། 11:04】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་ཁུན་མིང་ནས་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཚེས་23ཉིན། ཡུན་ནན་ཞིང་ཆེན་དང་། སི་ཁྲོན་ཞིང་ཆེན། བོད་རང་སྐྱོང་ལྗོངས་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་གསུམ་གྱིས་ཡུན་ནན་ཞིང་ཆེན་ས་དམ་གྲོང་ཁྱེར་འབྲི་ཆུའི་དུམ་བུར་མཉམ་དུ་སྐོར་གཡེང་ཐོག་མ་བྱས་པ་དང་འབྲེལ་ཆུ་དཔོན་དང་མཚོ་དཔོན་གྱི་མཉམ་འབྲེལ་ཚོགས་འདུ་འཚོགས་ནས་འབྲི་ཆུའི་གཙང་ཆུ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་ཡག་པོ་བྱས་ཏེ་གཙང་ཆུ་ཤང་ཤང་དུ་རྒྱུག་ཐུབ་པའི་འགན་ལེན་བྱས་པ་རེད།
     འབྲི་ཆུའི་སྟོད་རྒྱུད་ཀྱི་ཞིང་ཆེན་ཡིན་པའི་ཡུན་ཁྲོན་བོད་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་གསུམ་གྱིས་འབྲི་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་བཅད་བསྐྲུན་པར་ནུས་པ་གལ་ཆེན་ལྡན་ཡོད། ལོ་མང་མཉམ་ལས་བྱས་པ་བརྒྱུད་ཡུན་ཁྲོན་བོད་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་གསུམ་གྱིས་མཉམ་འབྲེལ་ལྟ་འདོམས་དང་། མཉམ་འབྲེལ་ཁྲིམས་འཛིན། ཆ་འཕྲིན་མཉམ་སྤྱོད་སོགས་སྒྲིག་སྲོལ་ལམ་སྲོལ་བཙུགས་ནས་འབྲི་ཆུ་སྲུང་སྐྱོང་བཅོས་སྒྲིག་ལས་དོན་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད།
     ད་ཕན་ལོ་ཤས་རིང་། སི་ཁྲོན་དང་ཡུན་ནན་ཞིང་ཆེན་གཉིས་ཀྱིས་ཆུ་དཔོན་དང་མཚོ་དཔོན་གྱི་མཉམ་ལས་འབྲེལ་གཏུག་ལམ་སྲོལ་ལ་ཤུགས་སྣོན་བརྒྱབ་ཅིང་། མིག་སྔར། ཞིང་ཆེན་གཉིས་ཀྱི་གྲོང་ཁྱེར་དང་རྫོང་རིམ་གཉིས་ཀྱི་ས་སྦྲེལ་ས་ཁུལ་གྱིས་མཉམ་དུ་སྐོར་གཡེང་ཞིབ་བཤེར་ཐེངས་122བྱས་པ་དང་། བོད་རང་སྐྱོང་ལྗོངས་ཀྱི་སྤྱི་ཁྱབ་ཆུ་དཔོན་གཞུང་ལས་ཁང་གིས་སི་ཁྲོན་ཞིང་ཆེན་དང་ཡུན་ནན་ཞིང་ཆེན་ཆུ་དཔོན་ལམ་ལུགས་གཞུང་དོན་ཁང་དང་ཆུ་རྒྱུན་མཉམ་འགོག་དང་། མཉམ་དུ་ཚོད་འཛིན། མཉམ་དུ་བཅོས་སྐྱོང་བཅས་ཀྱི་མཉམ་ལས་གྲོས་མཐུན་ལ་མིང་བཏགས་བཀོད་པ་མ་ཟད། མཉམ་དུ་འབྲི་ཆུར་སྐོར་གཡེང་ཞིབ་བཤེར་ལས་དོན་སྤེལ་བ་རེད།
     ཡུན་ནན་ཞིང་ཆེན་ཆུ་བེད་ཐིང་གི་ཐིང་ཀྲང་ཧུའུ་ཕྲའོ་པིས་ཀྱིས་འབྲི་ཆུ་རྒྱུག་ཁུལ་གྱི་ཡུན་ནན་དུམ་བུར་ཆུ་དཔོན་ཁྲི་1.48ཡོད་པ་དང་། ན་ནིང་ནས་བཟུང་མི་ཐེངས་ཁྲི་7.7གྱིས་སྐོར་གཡེང་ཞིབ་བཤེར་བྱས་ནས་ཆུ་དཔོན་དང་མཚོ་དཔོན་གྱི་འགན་འཁྲི་སྔར་བས་ནན་དུ་བཏང་ཡོད། ཆུ་བོ་རྒྱུག་ཁུལ་གྱི་ཆུ་ཤུགས་གློག་ཁང་ཆུང་གྲས་ལེགས་སྒྲིག་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ་དང་ཆབས་ཅིག་ཡུན་ནན་གྱིས་ཆུ་བོ་དང་མཚོའི“ཟང་ཟིང་བཞི”དང་སྲུང་སྐྱོང་སླར་གསོའི་འགག་སྒྲོལ་དམག་འཐབ་སོགས་ལས་དོན་ལ་མུ་མཐུད་སྐུལ་འདེད་བཏང་ནས་འབྲི་ཆུ་རྒྱུག་ཁུལ་གྱི་ཡུན་ནན་དུམ་བུ་སྲུང་སྐྱོང་འགན་འཁྲི་དོན་འཁྱོལ་ཏན་ཏིག་བྱས་ཡོད་ཅེས་ངོ་སྤྲོད་བྱས་བྱུང་།