འཚོལ་བཤེར།   
藏文频道
2022ལོའི་ཟླ་4ཚེས་20ཉིན།

༄༅།།ཡུན་ནན་ཞིང་ཆེན་བདེ་ཆེན་ཀྲོའུ་ཡིས། རྫོང་རེར་ཐོན་ལས་རེ་ཡོད་པའི་ཞིང་དར་སྤུས་རྟགས་བཏོད་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 04ཚེས་20ཉིན། 10:43】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   དཔྱིད་དཔལ་རབ་ཏུ་བཞད་པའི་སྐབས་འདིར་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་ཝུའེ་ཤིས་རྫོང་ཐ་ཁྲེང་གྲོང་རྡལ་ཆི་པེ་གྲོང་ཚོའི་གྲོང་མི་ཧོང་ཕུའུ་ཞང་གིས་རང་ཁྱིམ་གྱི་རྒུན་འབྲུམ་ར་བའི་ནང་ལས་ལ་བྲེལ་བཞིན་མཆིས།
    ཝུའེ་ཤིས་རྫོང་ཐ་ཁྲེང་གྲོང་རྡལ་ནི་འཕྲེད་ཐིག་དམའ་སའི་ས་བབ་མཐོ་ཁུལ་དུ་གནས་ཤིང་། དེ་གར་སྨུག་ཕྱིའི་འོད་ཟེར་ཤུགས་ཆེ་བ་དང་། ཉི་འོད་འཕྲོ་བའི་དུས་ཚོད་རིང་བ། ཉིན་མཚན་གྱི་དྲོད་ཚད་ཧེ་བག་ཆེ་བ་བཅས་ཡོད་པས་རྒུན་འབྲུམ་དཀར་པོའི་རིགས“ཝུའེ་ཏེར”འདེབས་པར་ཧ་ཅང་འཚམ་པོ་ཡོད་པ་རེད། “ཐུན་མོང་མ་ཡིན་པའི་རང་བྱུང་ཆ་རྐྱེན་ལ་བརྟེན་ནས་2009ལོར་ང་ཚོས‘ཝུའེ་ཏེར’གྱི་རིགས་ཚོད་འདེབས་བྱས་རྗེས། ས་གནས་དེ་གར་འབྲེལ་ཡོད་ཐོན་ལས་འཕེལ་རྒྱས་གཏོང་འགོ་ཚུགས་ཡོད”ཅེས་སེམས་ཀྱི་ཉི་ཟླའི་ལ་ཕུ་རོང་ཁུལ་ཨར་ཁང་ཚད་ཡོད་འགན་འཁྲི་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཝང་ཅིན་ཁུན་གྱིས་གསར་འགོད་པར་བཤད།
    “ཁེ་ལས་དང་། མཉམ་ལས་ཁང་། ཞིང་དུད”བཅས་ཟུང་དུ་འབྲེལ་བའི་རྣམ་པ་བརྒྱུད། ས་གནས་དེ་གའི་སྲིད་གཞུང་གིས་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། ཞིང་དུད་ལ་འདེབས་འཛུགས་གྲུབ་ཆ་ལེགས་སྒྲིག་བྱེད་པར་རྒྱུན་ཆད་མེད་པར་ཁྲིད་སྟོན་བྱས་པ་རེད། མིག་སྔར་ཐ་ཁྲེང་གྲོང་རྡལ་གྱི་རྒུན་འབྲུམ་རྟེན་གཞི་ལོ་བཅུའི་གོང་གི་མུའུ་470ནས་ད་ཆའི་མུའུ་1670བར་མང་དུ་ཕྱིན་ཏེ། ཤང་དང་གྲོང་རྡལ་ཧྲིལ་པོའི་ཁྱབ་ཁོངས་ནང་ཞིང་དུད་504ལ་འབབ་འཕར་ཡོང་བར་སྐུལ་ཁྲིད་ཐུབ་ཡོད། གྲོང་མི་ཝང་གོ་ཁྲང་གི་ཁྱིམ་དུ་རྒུན་འབྲུམ་མུའུ་5བཏབ་ཡོད་པ་དང་གཡོག་བྱེད་ཞིབ་ཚགས་བྱས་པར་བརྟེན་ཐོན་འབབ་ཡག་པོ་བྱུང་ནས་མུའུ་རེའི་ཐོན་རྫས་རིན་ཐང་སྒོར་7000ཟིན་གྱི་ཡོད། “ཀུང་སི་དང་ང་ཚོའི་དབར་ཉོ་སྒྲུབ་ཀྱི་གྲོས་མཐུན་བཞག་པས་ཡོང་འབབ་དེ་སྔ་ཨ་ཤོམ་བཏབ་པ་ལས་ལྡབ་ཁ་ཤས་ཀྱིས་མང་བ་དང་ཕྱིར་གླ་པར་སྐྱོད་མི་དགོས”ཞེས་བཤད།
    སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྟོང་དབང་ཤང་དུ་རླམ་རྩྭ་ཕོ་སུལ་ཡག་པོ་སྐྱེ་གི་ཡོད། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ཐུན་མོང་མ་ཡིན་པའི་རང་བྱུང་གནམ་གཤིས་དང་ཐོན་རྫས་ཀྱི་སྐད་གྲགས་ཆོད་ཚད་ལ་བརྟེན་ནས། ས་གནས་དེ་གར་ཐོན་སྐྱེད་བྱས་པའི་རླམ་རྩྭ་ཕོ་སུལ་ལ་འཛད་སྤྱོད་པས་ཧ་ཅང་དགའ་པོ་བྱེད་ཅིང་། འདེབས་འཛུགས་རྟེན་གཞིར་ངོ་འཕྲད་ཉོ་སྒྲུབ་བྱེད་པར་ཡོང་མཁན་ཚོང་པ་རྒྱུན་ཆད་རྒྱུ་མེད། མིག་སྔར་སྟོང་དབང་ཤང་གི་རླམ་རྩྭ་ཕོ་སུལ་འདེབས་འཛུགས་བྱ་རྒྱུ་དེ་སྲིད་འཛིན་གྲོང་ཚོ་5ལ་ཁྱབ་གདལ་བཏང་བ་དང་། འདེབས་ཁྱོན་མུའུ་1002.8ཟིན་པ། མུའུ་རེའི་ཆ་སྙོམས་ལོའི་ཡོང་འབབ་སྒོར་6000ཟིན་གྱི་ཡོད་པ་རེད།
    མིག་སྔར། ཀྲོའུ་ཡོངས་སུ་ཞིང་ལས་ཐོན་རྫས་107དང་ཐོན་ཡུལ་ངོ་མའི་ས་ཁམས་མཚོན་རྟགས་6ལ“ཐོན་རྫས་གསུམ་དང་མཚོན་རྟགས་གཅིག”གི་བདེན་དཔང་ར་སྤྲོད་ཐུབ་ཡོད། 2021ལོར་དབུལ་སྒྲོལ་དུད་ཚང་གི་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་ཁྲི་1.5ལྷག་ཙམ་ཟིན་པ་དང་། མཉམ་སྡེབ་དཔལ་འབྱོར་གྱི་ལོའི་ཡོང་འབབ་སྒོར་ཁྲི་5ཡན་ཟིན་པའི་གྲོང་ཚོ་133ཡོད་པ་རེད།