འཚོལ་བཤེར།   
藏文频道
2022ལོའི་ཟླ་4ཚེས་19ཉིན།

༄༅།།རང་རྒྱལ་གྱིས་རླུང་ཁམས་ཆེ་མོའི་ཁོར་ཡུག་ལྟ་ཞིབ་ཚད་ལེན་གྱི་སྲུང་སྐར་བདེ་བླག་ངང་འཕེན་གཏོང་བྱས་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 04ཚེས་19ཉིན། 13:10】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།རང་རྒྱལ་གྱིས་རླུང་ཁམས་ཆེ་མོའི་ཁོར་ཡུག་ལྟ་ཞིབ་ཚད་ལེན་གྱི་སྲུང་སྐར་བདེ་བླག་ངང་འཕེན་གཏོང་བྱས་པ།
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་16ཉིན་གྱི་ཆུ་ཚོད་2དང་སྐར་མ་16ལ། རང་རྒྱལ་གྱིས་ཐའེ་ཡོན་སྲུང་སྐར་འཕེན་གཏོང་ལྟེ་གནས་ནས་རྒྱང་སྐྱོད་ཨང་བཞི་པ་ག་པ་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཉེར་བརྒྱད་པ་སྤྱད་དེ་རླུང་ཁམས་ཆེ་མོའི་ཁོར་ཡུག་ལྟ་ཞིབ་ཚད་ལེན་གྱི་སྲུང་སྐར་འཕེན་གཏོང་བྱས་པ་རེད། སྲུང་སྐར་དེས་རང་རྒྱལ་གྱི་སྐྱེ་ཁམས་ཁོར་ཡུག་དང་། གནམ་གཤིས། ཞིང་ལས་དང་གྲོང་གསེབ་སོགས་ཁྱབ་ཁོངས་ཀྱི་རྒྱང་ཚོར་བཀོལ་སྤྱོད་ལ་སྐུལ་འདེད་གཏོང་རྒྱུ་རེད། དེར་སྲུང་སྐར་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་བྱེད་ནུས་ཆེ་རུ་གཏོང་རྒྱུ་དང་ཁོར་ཡུག་སྲུང་སྐྱོང་བྱ་གཞག་ལ་སྐུལ་འདེད་གཏོང་རྒྱུའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད།
     རླུང་ཁམས་ཆེ་མོའི་ཁོར་ཡུག་ལྟ་ཞིབ་ཚད་ལེན་སྲུང་སྐར་ནི《རྒྱལ་ཁབ་ཀྱི་དམངས་སྤྱོད་བར་མཐོངས་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་དུས་ཡུན་རིང་འབྲིང་གི་འཕེལ་རྒྱས་ཀྱི་འཆར་གཞིའི(2015ལོ་ནས་2025བར)》ཚན་ཞིབ་སྲུང་སྐར་ཞིག་ཡིན་པ་དང་། ཉི་མའི་འཁོར་ལམ་དུ་འཁོར་བ། དེར་རླུང་ཁམས་ཆེ་མོའི་འཚོལ་ཞིབ་ཐིག་ལེན་སྐུལ་འོད་ལེ་ཏ་དང་། ཞིབ་ཚད་མཐོ་བའི་བཤར་འབེབས་ཡོ་བྱད། ཟུར་ཚད་མང་བའི་བརྙན་ཆས་སོགས་སྒྲིག་སྦྱོར་བྱས་ཡོད། སྲུང་སྐར་གྱིས་རང་འགུལ་སྐུལ་འོད་དང་། དེང་རབས་ཚན་རྩལ་གྱི་ཡོ་ཆས་བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་ཕྱོགས་བསྡུས་ལྟ་ཞིབ་ཚད་ལེན་བྱས་ཏེ། རླུང་ཁམས་ཆེ་མོའི་རྡུལ་ཕྲ་རབ་དང་། སྦགས་བཙོག་རླངས་པ། དྲོད་ཁང་རླངས་པ། སྤྲིན་དང་རླུང་གི་ཞུ་སྤྱིན། དེ་བཞིན་སྐམ་ངོས་དང་ཆུ་གཟུགས་སོགས་ཁོར་ཡུག་གི་རྒྱུ་རྐྱེན་ལ་ཁྱབ་ཆེ་དང་། རྒྱུན་མཐུད། སྟབས་བསྟུན། ཉིན་མཚན་དབྱེར་མེད་བཅས་ཀྱི་སྒོ་ནས་ཕྱོགས་བསྡུས་ལྟ་ཞིབ་ཚད་ལེན་ཐུབ་རྒྱུ་རེད། སྲུང་སྐར་འཁོར་ལམ་དུ་འབྱོར་རྗེས་རང་རྒྱལ་གྱི་རླུང་ཁམས་ཆེ་མོའི་ཁོར་ཡུག་ཕྱོགས་བསྡུས་ལྟ་ཞིབ་ཚད་ལེན་དང་། གོ་ལ་ཧྲིལ་པོའི་གནམ་གཤིས་ཀྱི་འགྱུར་ལྡོག ཞིང་ལས་སྐྱེ་དངོས་ཀྱི་ཐོན་འབབ་ཚོད་སྐོར། དེ་བཞིན་ཞིང་ལས་ཀྱི་གནོད་འཚེ་སོགས་ལ་བཀོལ་སྤྱོད་ནུས་པ་སྔར་བས་ཆེ་རུ་སོང་སྟེ། སྲུང་སྐར་རྒྱང་ཚོར་གྲངས་གཞི་དེ་སྐྱེ་ཁམས་ཁོར་ཡུག་དང་། གནམ་གཤིས། ཞིང་ལས་དང་གྲོང་གསེབ་སོགས་སུ་སྤྱོད་རྒྱུར་སྐུལ་འདེད་ཐེབས་ནས་ལས་རིགས་དང་སྡེ་ཚན་ཁག་གིས་ཕྱི་རྒྱལ་གྱི་རྒྱང་ཚོར་གྲངས་གཞིར་བརྟེན་དྲགས་པའི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་རྒྱུ་རེད།
     ད་ཐེངས་ཀྱི་ལས་འགན་ནི་རྒྱང་སྐྱོད་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་འཕེན་ཐེངས་416པ་དེ་རེད།