འཚོལ་བཤེར།   
藏文频道
2022ལོའི་ཟླ་3ཚེས་18ཉིན།

༄༅།།ཅང་ཤིས་ཀྱི་དཔྱིད་རྨོད་ལས་མཐོང་བའི་ཞིང་ལས་ཀྱི་འགྱུར་ལྡོག་གསུམ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 03ཚེས་18ཉིན། 10:11】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཞུང་ཅ་ལིན་དང་ཁྲེན་ཁྲུན་ཡོན།
    ཁ་ལོ་བ་མེད་པའི་རིག་ལྡན་ཞིང་འཕྲུལ་གྱིས་5Gབརྡ་རྟགས་ཁྱབ་པའི་རྨོ་ཞིང་ནང་གནད་སྨིན་ལོ་ཏོག་འདེབས་བཞིན་ཡོད་པ་དང་། ཞིང་ལས་རིག་ནུས་གྲངས་གཞིའི་དོ་དམ་ལས་སྟེགས་སྤྱད་དེ“ཁྱིམ་ནས་དོན་མི་དགོས་པར”རྒྱ་ཁྱོན་མུའུ་ཁྲི་ལྷག་ཙམ་ཟིན་པའི་ས་ཞིང་ལ་གཡོག་བྱེད་ཐུབ་པ། དྲ་ཐོག་ནས་ཉོས་རྗེས་ཞིང་སྤྱོད་རྒྱུ་ཆ“འབྲེང་འཁོར”བརྒྱུད་གྲོང་མིའི་སྒོ་འགྲམ་དུ་སྐྱེལ་བ་སོགས་ཅང་ཤིས་ཀྱི་སྲོལ་རྒྱུན་ཞིང་ལས་ལ་རིག་ནུས་ཅན་དང་། གྲངས་འཛིན་ཅན། ཚན་རྩལ་ཅན་བཅས་ཀྱི་བྱ་ཐབས་སྤྱད་ཡོད་པ་རེད།
    ནན་ཁྲང་རིག་ལྡན་ཏ་ཐན་ཞིང་ལས་ཚན་རྩལ་འཕེལ་རྒྱས་ཚད་ཡོད་ཀུང་སིས་ནང་བཤུག་ས་ཞིང་ནང་མི་མེད་སྐོར་འདེབས་འཕྲུལ་འཁོར་ཁ་ཤས་ཀྱིས་བཀོལ་སྤྱོད་པས་གཏན་འཁེལ་བྱས་པའི་ལམ་ཐིག་བརྒྱུད་ལོ་ཏོག་འདེབས་བཞིན་ཡོད་པ་དང་། མི་མེད་སྐོར་འདེབས་འཕྲུལ་འཁོར་གཅིག་གིས་ས་ཞིང་མུའུ་གཅིག་རྨོ་འདེབས་བྱེད་པར་སྐར་མ་7ཙམ་ལས་འགོར་གྱི་མེད་པ་རེད།
     ཀུང་སི་དེའི་འགན་འཁུར་བ་ཙོའུ་ཐའེ་ཧུའེ་ཡིས། ཞིང་འཕྲུལ་དེ་དག་ཚང་མར་བྱང་སྐར་སྤུན་བདུན་གྱི་རང་འགུལ་འཁོར་གཏོང་མ་ལག་སྒྲིག་སྦྱོར་བྱས་ཡོད་ལ། 5Gཡི་ལག་རྩལ་དང་ཟུང་འབྲེལ་བྱས་པས། རིག་ལྡན་ཞིང་འཕྲུལ་གྱིས་གྲངས་གཞི་དུས་ཐོག་ཏུ་བརྒྱུད་གཏོང་ཐུབ་ཀྱི་ཡོད་ཅེས་ངོ་སྤྲོད་བྱས། ཞིང་ཁའི་ལོ་ཏོག་འདེབས་ཡུལ་གྱི་དྭངས་ཤིང་གསལ་བའི་བརྙན་ལམ་ཚོད་འཛིན་ལས་སྟེགས་སུ་ཐད་ཀར་གཏོང་ཐུབ་ཀྱི་ཡོད་པ་དང་། དེ་སྔོན་དང་བསྡུར་ན་དུས་བཀག་གཏན་འཁེལ་ངང་བརྒྱུད་སྐྱེལ་བྱས་པའི་པར་ནི་སྔར་ལས་དུས་ཐོག་དང་ཐད་ཀར་ལྟ་ཐུབ་པ་ཞིག་ཡོད་པ་གསར་འགོད་པས་མཐོང་བྱུང་།
    མིག་སྔར་ཀུང་སི་དེས་རིག་ལྡན་ཞིང་འཕྲུལ་48ལ་5Gལག་རྩལ་སྤྱད་པས་ཞིང་ལས་ཐོན་སྐྱེད་ཀྱི་ལས་ཕྱོད་ཆེ་རུ་ཕྱིན་པ་དང་ངལ་རྩོལ་མ་གནས་དམའ་རུ་ཕྱིན་ཡོད་ལ། ས་ཞིང་མུའུ་13000ལ་གཡོག་བྱེད་མཁན་ལས་མི་26ལས་དགོས་ཀྱི་མེད་པ་རེད།
    འདི་ལོའི་ཀྲུང་དབྱང་གི་ཡིག་ཨང་དང་པོའི་ནང་། རིག་ལྡན་ཞིང་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ཆ་འཕྲིན་ལག་རྩལ་དང་ཞིང་འཕྲུལ་དང་ཞིང་ལས་ལག་རྩལ་མཉམ་འདྲེས་བེད་སྤྱོད་ལ་སྐུལ་འདེད་གཏོང་དགོས་ཞེས་བཏོན་ཡོད་པས། ཅང་ཤིས་ས་གནས་ཁག་གི་གྲོང་གསེབ་ཀྱིས་འཚོལ་ཞིབ་ཧུར་ཐག་བྱེད་བཞིན་ཡོད་པ་དང་། གྲོང་གསེབ་ཀྱི་གྲངས་འཛིན་ལག་རྩལ་བཀོལ་སྤྱོད་རྣམ་པ་ཟམ་མི་ཆད་པར་རྒྱ་ཆེར་འགྲོ་བཞིན་ཡོད་པ་རེད།
    “ལས་སྟེགས་དེ་བརྒྱུད་ཞིང་འཕྲུལ་གྱིས་ལོ་ཏོག་འདེབས་པའི་གྲངས་གཞི་དང་སྲུང་སྐྱོང་གནས་ཚུལ་ལ་དུས་ཐོག་ཏུ་ལྟ་སྐུལ་ཚོད་འཛིན་ཐུབ་ནས་ས་རྒྱུའི་གྲུབ་ཆ་དང་མཁའ་རླུང་གི་གཤེར་ཚད་སོགས་ལ་དབྱེ་ཞིབ་བྱེད་ཐུབ་ཀྱི་འདུག” ཅེས་ཆི་རུན་ཤིན་གྱིས་བརྗོད་པ་དང་། ཁོང་གིས་འདི་ལོའི་དཔྱིད་རྨོད་རིང་མཉམ་ལས་ཁང་གིས་དྲ་ཐོག་ནས་ལྟ་ཞིབ་འདྲུད་འཐེན་འཁོར་ལོ་56དང་། སྐོར་འདེབས་འཕྲུལ་འཁོར་33 མི་མེད་རྩི་ཤིང་སྲུང་སྐྱོང་འཕྲུལ་འཁོར་7བཅས་ལ་ལྟ་ཞིབ་ཚད་ལེན་བྱས་པ་དང་། དྲ་ཐོག་ཏུ་ལོ་ཏོག་སྤྱིའི་འདེབས་ཁྱོན་ལ་ལྟ་ཞིབ་ཚད་ལེན་བྱེད་ཚད་མུའུ་ཁྲི་7ལྷག་ཙམ་ཟིན་ཡོད་ཅེས་བརྗོད།
   ས་ཞིང་གཡོག་བྱེད་ཐད“གྲངས་འཛིན་ཅན”ལ་བརྟེན་པ་མ་ཟད། ཞིང་སྤྱོད་རྒྱུ་ཆ་ཡང“འབྲེང་འཁོར”བརྒྱུད་དབོར་འདྲེན་ཐུབ་ཀྱི་ཡོད། ཀན་ཀྲོའུ་གྲོང་ཁྱེར་ཨན་ཡོན་རྫོང་ཧོ་ཙི་གྲོང་རྡལ་དབྱང་ཀུང་གྲོང་ཚོར། ཡུལ་མི་ཀུའོ་ཁྲེང་པིན་གྱིས་དཔྱིད་རྨོད་ཀྱི་ཞིང་ལས་རྒྱུ་ཆ་གྲ་སྒྲིག་བྱེད་བཞིན་ཡོད་པ་དང་། ཁོང་གིས་ལག་ཐོགས་ཁ་པར་གྱི་APPནས་སྒོར་400ལྷག་ཙམ་རི་བའི་ཞིང་ལས་རྒྱུ་ཆ་ཉོས་པ་དེ་གང་མགྱོགས་གྲོང་ཚོའི་མདོ་ཁའི་སྦྲེལ་ཚུགས་སུ་འབྱོར་ཞིང་། ཀུའོ་ཁྲེང་པིན་གྱིས“དེ་སྔོན་ཕར་ཚུར་ཆུ་ཚོད་གཅིག་ཙམ་རྐང་འཁོར་བཞོན་ནས་གྲོང་རྡལ་དུ་ཉོ་བར་འགྲོ་དགོས་ཀྱི་ཡོད། ད་ཆ་ཐད་ཀར་གྲོང་ཚོའི་སྦྲེལ་ཚུགས་སུ་ལེན་ཆོག་པས་དུས་ཚོད་སྐར་མ་40ལྷག་ཙམ་གྲོན་ཆུང་ཐུབ་ཀྱི་འདུག”ཅེས་བརྗོད།
    ཉེ་བའི་ལོ་ཤས་རིང་ཨན་ཡོན་རྫོང་གིས་གྲོང་གསེབ་ཀྱི་རིག་ལྡན་ཟོག་འགྲེམས་ཞབས་ཞུའི་དྲ་རྒྱའི་མ་ལག་འཚོལ་ཞིབ་ཧུར་ཐག་བྱས་ནས་བསྐྲུན་ཏེ་རྫོང་གྲོང་དུ་ཟོག་འགྲེམས་སྤྱི་ཁྱབ་མཛོད་ཁང་བསྐྲུན་པ་དང་། ཤང་དང་གྲོང་རྡལ་དུ་ཟོག་འགྲེམས་སྦྲེལ་ཚུགས་བསྐྲུན་པ། གྲོང་ཚོར་གཏོང་ལེན་ས་ཚིགས་བསྐྲུན་ཡོད། གྲོང་ཚོ་དང་གྲོང་ཚོའི་དབར་དེ་ཙམ་མཐོ་པོ་མེད་པའི་འབྲེང་ཟམ་བཙུགས་པ་དང་། སྤྲིན་ཚོམ་མ་ལག་བརྒྱུད་རྣམ་པ་ཀུན་ཏུ་སྡེབ་སྐྱེལ་བྱས་པས་འཁོར་སྐྱོད་མྱུར་ཚད་ཆུ་ཚོད་རེར་སྤྱི་ལེ་60ཟིན་གྱི་ཡོད་པ་རེད།
   དབྱང་ཀུང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཀུའོ་ཏེ་མའོ་ཡིས། ས་གནས་དེ་གར་བསྐྲུན་པའི“རིག་ནུས་དབོར་འདྲེན་གྱི་མྱུར་བགྲོད་ལམ”ལས་དུས་ཚོད་གྲོན་ཆུང་དང་ལས་ཀ་སྟབས་བདེ་རུ་ཕྱིན་པས་ཧོ་ཙི་གྲོང་རྡལ་དུ་ད་ཆ་གྲོང་རྡལ་རིམ་པའི་ཡན་ལག་མཛོད་ཁང་1དང་གྲོང་ཚོ་རིམ་པའི་སྦྲེལ་ཚུགས་4བཙུགས་ནས་གྲོང་རྡལ་དེ་ཡོངས་ཀྱི་གྲོང་མི་ཁྲི་1.7གྱི་ཐོན་སྐྱེད་དང་འཚོ་བར་ཐད་ཀར་ཞབས་འདེགས་ཞུ་ཡི་ཡོད་ཅེས་བརྗོད་པ་རེད།