འཚོལ་བཤེར།   
藏文频道
2022ལོའི་ཟླ་3ཚེས་14ཉིན།

༄༅།།“ཁོང་གིས་ཤེས་ལྡན་མི་སྣ་དང་གསར་གཏོད་ལ་མཐོང་ཧ་ཅང་ཆེན་པོ་གནང་གི་ཡོད”

སྤྱི་ཁྱབ་ཧྲུའུ་ཅི་དང་འཐུས་མི་དང་ཨུ་ཡོན་གྱི་གཏམ་རྒྱུད།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 03ཚེས་14ཉིན། 14:01】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   “‘འཕེལ་རྒྱས་ནི་ལས་འགན་ཨང་དང་པོ་དང་། ཤེས་ལྡན་མི་སྣ་ནི་ཐོན་ཁུངས་ཨང་དང་པོ། གསར་གཏོད་ནི་སྒུལ་ཤུགས་ཨང་དང་པོ་བཅས་ཡིན་པའི་སྐོར’ཐོས་སྐབས། སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་སུ་ཤེས་ལྡན་མི་སྣ་དང་གསར་གཏོད་ཀྱི་གནས་བབ་མཐོ་པོ་ཇི་ཙམ་ཡོད་པ་ངས་ཟབ་མོ་ཚོར་བྱུང” རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་འཐུས་མི་ཞིག་ཡིན་པའི་ངོས་ནས“80ནང་སྐྱེས”ཀྱི་ལས་གཏོད་པ་ཡོན་ཡུས་ཡུས་ཀྱིས་ཚོགས་འདུ་གཉིས་ཀྱི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་སྤེལ་རེས་གནང་བའི་གནས་ཚུལ་བློ་ལ་གསལ་ཐིང་ཐིང་ངེས་ཀྱི་ཡོད།
     2018ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་རིང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཡོན་ཡུས་ཡུས་ཡོད་སའི་ཀོང་ཏུང་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས།
    “སྤྱི་ཁྱབ་ཧྲུའུ་ཅི་སྐུ་ཁམས་བཟང་། ང་ནི་རྒྱལ་ནང་དུ་ལོག་ཡོང་བའི་ལས་གཏོད་པ་ཞིག་ཡིན” ཞེས་ཡོན་ཡུས་ཡུས་ཀྱིས་གཏམ་བཤད་གནང་ནས་རང་ཉིད་རྒྱལ་ནང་དུ་ལོག་སྟེ་ཚན་རྩལ་མཐོ་བའི་སྨན་ཆས་ཡོ་བྱད་ཁེ་ལས་བཙུགས་པའི་སྐོར་ངོ་སྤྲོད་ཞུས་པ་རེད།
    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ན་གཞོན་ཤེས་ལྡན་མི་སྣའི་འཕེལ་རྒྱས་ལ་ཐུགས་ཁུར་ཧ་ཅང་ཆེན་པོ་གནང་གི་ཡོད། ཡོན་ཡུས་ཡུས་ཀྱིས་ཐོན་ལས་གསར་གཏོད་དང་ཤེས་ལྡན་མི་སྣའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གཏམ་བཤད་གསན་རྗེས་ཁོང་གིས་མྱོང་ཚོར་ཟབ་མོས“འཕེལ་རྒྱས་ནི་ལས་འགན་ཨང་དང་པོ་དང་། ཤེས་ལྡན་མི་སྣ་ནི་ཐོན་ཁུངས་ཨང་དང་པོ། གསར་གཏོད་ནི་སྒུལ་ཤུགས་ཨང་དང་པོ་བཅས་ཡིན། གལ་ཏེ་ཀྲུང་གོས་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལམ་བུར་མ་བསྐྱོད་ཚེ་སྒུལ་ནུས་གསར་རྙིང་བདེ་བླག་ངང་བརྗེ་མི་ཐུབ་པ་དང་། དངོས་འབྲེལ་གྱི་སྟོབས་ཆེ་ཡང་ཡོང་མི་སྲིད”ཅེས་གསུངས་པ་རེད།
     གསར་གཏོད་ནི་གལ་འགངས་ཆེ་བ་ཞིག་དང་ཤེས་ལྡན་མི་སྣ་ནི་ནོར་བུ་ལྟ་བུ་ཡིན་པ་དེ་ལོ་མང་གི་ལས་གཏོད་ནང་ཡོན་ཡུས་ཡུས་ལ་བྱུང་བའི་མྱོང་ཚོར་ཟབ་མོ་དེ་ཡིན།
    “2008ལོར་ང་རྒྱལ་ནང་དུ་ལོག་སྐབས། རྒྱལ་ནང་གི་རྩེར་སོན་སྨན་ཆས་ཡོ་བྱད་ཀྱི་ཁྱབ་ཁོངས་ཕལ་ཆེ་བ་ནང་འདྲེན་ཐོན་རྫས་ཀྱིས་སྒེར་སྡེམ་བྱས་འདུག ངའི་སློབ་གྲོགས་འབུམ་རམས་པ་སློབ་གྲྭ་ཐོན་རྗེས་མང་ཆེ་བ་ཕྱི་རྒྱལ་གྱི་སྨན་ཆས་ཡོ་བྱད་ཀྱི་ཀུང་སི་ཆེ་གྲས་སུ་བསྐྱོད་ཀྱི་ཡོད”ཅེས་བརྗོད། སྐབས་དེ་དུས་ཀྱི་གྲོས་ཞིབ་ནང་ཡོན་ཡུས་ཡུས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅིར་ངས་ཕྱི་རྒྱལ་དུ་སྔོན་ཐོན་ལག་རྩལ་མང་པོ་སློབ་སྦྱོང་དང་གསར་གཏོད་བྱ་མྱོང་ཡོད། སྦྱངས་པ་མཐར་ཕྱིན་རྗེས་མེས་རྒྱལ་གྱི་དྲིན་གསོས་ནས་མེས་རྒྱལ་གྱི་ས་གཞིའི་ཐོག་རང་ཉིད་ཀྱི་ཕུགས་བསམ་མངོན་འགྱུར་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་ཅེས་ཞུས།
     ལས་གཏོད་ནི་དཀའ་ཚེགས་ཆེ་བ་ཞིག་ཡིན། ཡོན་ཡུས་ཡུས་ཀྱིས་ཆ་སྙོམས་ལོ་25ཡང་མ་སླེབས་པའི་ཚོགས་པའི་སྣེ་ཁྲིད་དེ་དཀའ་སྤྱད་འགག་སྒྲོལ་བྱས། འོན་ཀྱང་དེ་སྔ་གླ་ཆའང་སྤྲོད་མ་ཐུབ་པའི་གནས་སུ་གྱར། རྒྱལ་ནང་དུ་ལོག་རྗེས་རིམ་ཁག་སྲིད་གཞུང་གིས་ཚན་རྩལ་རྣམ་པའི་ཁེ་ལས་འབྲིང་ཆུང་ལ་རོགས་སྐྱོར་བྱེད་པའི་སྲིད་ཇུས་རབ་དང་རིམ་པ་ལག་བསྟར་བྱས་པས་ཁོང་གི་ཚོགས་པ་དཀའ་གནད་ལས་སྒྲོལ་ཐུབ་པ་བྱུང་ཡོད།
   “སྲིད་ཇུས་ཁག་གི་རོགས་རམ་ཡོད་པ་ཕུད། ད་དུང་སེམས་ཀྱི་བརྟེན་སའང་ཡོད” 2012ལོའི་ཟླ་5པར་ཡོན་ཡུས་ཡུས་ཀྱིས་སྐབས་དེ་དུས་ཀྲུང་དབྱང་ཏང་གི་སློབ་གྲྭའི་སློབ་སྤྱིའི་འགན་བཞེས་བཞིན་པའི་ཞི་ཅིན་ཕིང་གི་གསོན་ཉམས་དོད་པའི་ཏང་གི་སློབ་ཚན་ཞིག་ཉན།
    “དེ་དུས་ང་ཏང་ཡོན་མིན། ཏང་གི་སློབ་ཚན་ཉན་ཐེངས་དང་པོ་དེ་ཁྱེད་ཀྱིས་འཁྲིད་གནང་བའི་སློབ་ཚན་ཡིན། སྐབས་དེ་དུས་སེམས་འགུལ་ཚད་མེད་ཐེབས་བྱུང་ལ། སྤྱི་ཁྱབ་ཧྲུའུ་ཅིས་མི་རིགས་ལ་བཅངས་པའི་བརྩེ་སེམས་དང་ཧུར་བརྩོན་རྒྱལ་སྐྱོང་གི་ཆོད་སེམས་ཟབ་མོའང་ཚོར་བྱུང་། དེ་ནས་བཟུང་ངས་ཏང་ལ་སྔར་བས་ཤེས་རྟོགས་ཟབ་མོ་བྱུང་བ་མ་ཟད། རྒྱལ་ཁབ་འཕེལ་རྒྱས་དང་མི་རིགས་དར་རྒྱས་གཏོང་བའི་ངའི་ཆོད་སེམས་ཀྱང་དེ་བས་བརྟན་དུ་ཕྱིན་སོང”
    ཀོང་ཏུང་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་གཏམ་བཤད་གནང་སྐབས། བརྗེད་པར་དཀའ་བའི་མི་ཚེའི་སློབ་ཚན་དེ་ཕྱིར་དྲན་གནང་བཞིན་ཡོན་ཡུས་ཡུས་ཀྱིས་སེམས་འགུལ་ཆེན་པོས་སྤྱི་ཁྱབ་ཧྲུའུ་ཅིར“ཚུར་ལོག་རྗེས་ཏང་ནང་ཞུགས་རྒྱུའི་ཞུ་ཡིག་ཕུལ་བ་དང་2013ལོར་ང་གཟི་བརྗིད་ལྡན་པའི་ངང་ཏང་ནང་ཞུགས་པ་ཡིན། ང་ཚོའི་ཀུང་སིས་ད་དུང་ཏང་ཀྲི་པུའུ་བཙུགས་པ་དང་ན་ནིང་ངས་ཀུང་སིའི་ལས་མི་ཁྲིད་དེ་ཅིང་ཀང་ཧྲན་རི་བོར་བསྐྱོད་དེ་ང་ཚོའི་ལས་གཏོད་འབད་འཐབ་ཀྱི་ཡིད་ཆེས་སྔར་བས་བརྟན་དུ་བཏང་བ་ཡིན”ཞེས་ཞུས།
    ད་ཆ་ལོ་བཅུ་ལྷག་ཙམ་འཕེལ་རྒྱས་ཕྱིན་པ་བརྒྱུད་ཡོན་ཡུས་ཡུས་ཚོགས་པས་ཞིབ་འཇུག་གསར་སྤེལ་བྱས་པའི་ནུས་ཆེའི་སྨན་བཅོས་ཡོ་བྱད་དང་སྒྲིག་ཆས་ཕྱི་རྒྱལ་གྱི་ལག་རྩལ་སྒེར་སྡེམ་ནས་ཚད་བརྒལ་བྱུང་སྟེ་གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ་70ལྷག་ཙམ་ལ་ཕྱིར་ཚོང་བྱེད་ཀྱི་ཡོད།
    འདི་ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་ཐོག་ཡོན་ཡུས་ཡུས་ཀྱིས་ཚན་རྩལ་གསར་གཏོད་མ་ལག་ཁྲོད་ཀྱི་ཁེ་ལས་ཀྱི་བྱེད་པོའི་གནས་བབ་དོན་འཁྱོལ་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་གྲོས་འགོ་བཏོན་པ་རེད།
    “སྤྱི་ཁྱབ་ཧྲུའུ་ཅིས་ཤེས་ལྡན་མི་སྣ་དང་གསར་གཏོད་ལ་མཐོང་ཧ་ཅང་ཆེན་པོ་གནང་གི་ཡོད་པས། ངའི་སློབ་གྲོགས་དང་གྲོགས་པོ་དེ་བས་མང་བ་རྒྱལ་ནང་དུ་ལོག་ནས་བྱ་གཞག་འཕེལ་རྒྱས་གཏོང་འདོད་བྱེད་ཀྱི་འདུག ད་ཆའི་དུས་ནི་ང་ཚོ་གསར་གཏོད་ལས་གཏོད་པའི་ངོས་ནས་བརྗོད་ན་མདུན་ལམ་ཆེན་པོ་ལྡན་པའི་དུས་རབས་ཤིག་རེད”ཅེས་གསུངས།