འཚོལ་བཤེར།   
藏文频道
2022ལོའི་ཟླ་3ཚེས་11ཉིན།

༄༅།།ཕྱི་འབྲེལ་པུས་བསྟན་དོན། རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་གཞི་འཛིན་ས་མེད་པའི་ཕྱོགས་རྐྱང་པའི་བཀག་སྡོམ་ལ་ཀྲུང་གོ་ཕྱོགས་ནས་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 03ཚེས་11ཉིན། 15:20】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཨ་རི་དང་ཡོ་རོབ་མནའ་འབྲེལ་གྱིས་ཨུ་རུ་སུར་ནུས་རྒྱུ་བཀག་སྡོམ་བྱས་པའི་སྐོར་ལ་དམིགས་ཏེ་ཚེས་9ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས། རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་གཞི་འཛིན་ས་མེད་པའི་ཕྱོགས་རྐྱང་པའི་བཀག་སྡོམ་ལ་ཀྲུང་གོ་ཕྱོགས་ནས་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་དང་། ཀྲུང་ཨུ་ཕྱོགས་གཉིས་པོས་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གཉིས་ཕན་གྱི་སྙིང་དོན་གཞིར་བཟུང་། སྣུམ་རླངས་ཚུད་པའི་རྒྱུན་གཏན་གྱི་ཚོང་དོན་མཉམ་ལས་མུ་མཐུད་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།
     ཉིན་དེའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག གསར་འགོད་པ་ཞིག་གིས། གནས་ཚུལ་སྤེལ་བར་གཞིགས་ན། ཚེས་8ཉིན་ཨ་རིའི་ཙུང་ཐུང་པའེ་ཀྲེན་གྱིས་ཨུ་རུ་སུ་ནས་རྡོ་སྣུམ་དང་། རང་བྱུང་སོལ་རླངས། དེ་བཞིན་ནུས་རྒྱུ་གཞན་དག་བཅས་ནང་འདྲེན་བྱེད་པ་བཀག་འགོག་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་དང་། ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཀྱང་འདི་ལོ་ཨུ་རུ་སུ་ནས་རང་བྱུང་སོལ་རླངས་ནང་འདྲེན་བྱེད་ཚད་གསུམ་ཆ་གཉིས་ཉུང་དུ་བཏང་ནས་རིམ་བཞིན་ཨུ་རུ་སུའི་ནུས་རྒྱུར་བརྟེན་ཆུང་དུ་གཏོང་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ། དེ་བཞིན་དབྱིན་ཇིས་2022ལོའི་ལོ་མཇུག་གོང་དུ་ཨུ་རུ་སུ་ནས་རྡོ་སྣུམ་ནང་འདྲེན་བྱེད་མཚམས་རིམ་བཞིན་འཇོག་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་ཡོད། དེའི་ཐད་ཀྲུང་གོ་ཕྱོགས་ཀྱིས་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས་པར།
     ཀྲའོ་ལི་ཅན་གྱིས། འགྲིག་མ་འགྲིག་ལ་བཀག་སྡོམ་གྱི་རྒྱུག་པ་གཞུ་རྐྱང་བྱས་ན། འབྲེལ་ཡོད་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་དམངས་འཚོར་དཀའ་ངལ་ཚབས་ཆེན་འཕྲད་རྒྱུ་མ་ཟད། ད་དུང“གཉིས་ཕམ”མམ་ཡང་ན“མང་ཕམ”གྱི་རྣམ་པ་ཐོན་ནས་ཁ་ཕྲལ་དང་འགྲན་རྒོལ་སྔར་བས་ཚབས་ཆེ་རུ་འགྲོ་རྒྱུ་ལས་ཞི་བདེ་དང་བདེ་འཇགས་ཡོང་ག་ལ་སྲིད་ཅེས་བརྗོད་པ་རེད།
     “ཀྲུང་གོ་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་པོས་ནུས་རྒྱུ་མཉམ་ལས་ཀྱི་འབྲེལ་བ་ཡག་པོ་ཞིག་ད་བར་དུ་རྒྱུན་འཁྱོངས་བྱས་ཡོད། ཕྱོགས་གཉིས་པོས་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གཉིས་ཕན་གྱི་སྙིང་དོན་གཞིར་བཟུང་། སྣུམ་རླངས་ཚུད་པའི་རྒྱུན་གཏན་གྱི་ཚོང་དོན་མཉམ་ལས་མུ་མཐུད་བྱ་རྒྱུ་ཡིན”ཞེས་ཀྲའོ་ལི་ཅན་གྱིས་བརྗོད་པ་རེད།
     གསར་འགོད་པ་གཞན་ཞིག་གིས། གནས་ཚུལ་སྤེལ་བར་གཞིགས་ན། ཨ་རིའི་ཕོ་བྲང་དཀར་པོའི་མགྲིན་ཚབ་པ་ཕུའུ་སཱ་ཅི་ཡིས། གལ་ཏེ་ཀྲུང་གོས་ཨུ་རུ་སུར་བཀག་སྡོམ་བྱེད་པའི་ནང་མ་ཞུགས་ཚེ་ཨ་རིས་འཁོན་ལན་སློག་པའི་བྱེད་ཐབས་སྤྱོད་རྒྱུ་ཡིན་ཞེས་བརྗོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས་པར།
     ཀྲའོ་ལི་ཅན་གྱིས། བཀག་སྡོམ་བྱེད་པ་ནི་གནད་དོན་ཐག་གཅོད་བྱེད་པའི་རྩ་བའི་ཐབས་ལམ་ནུས་ལྡན་ཞིག་གཏན་ནས་མིན། ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ཕྱོགས་ཀྱི་རྣམ་པ་གང་རུང་གི་ཕྱོགས་རྐྱང་པའི་བཀག་སྡོམ་དང“ཕྱག་རིང་རྐྱོང་བའི་བྱེད་སྤྱོད”ལ་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།
     ཁོང་གིས“ཨ་རི་ཕྱོགས་ནས་ཡུག་རེན་གྱི་གནད་དོན་དང་ཨུ་རུ་སུ་དང་འབྲེལ་བའི་གནད་དོན་ཐག་གཅོད་བྱེད་སྐབས། ཀྲུང་གོ་ཕྱོགས་ཀྱི་དོ་ཁུར་ལྟ་སྟངས་འཛིན་དགོས་པ་ལས་ཀྲུང་གོ་ཕྱོགས་ཀྱི་ཁེ་དབང་ལ་རྣམ་པ་གང་རུང་གི་གནོད་འཚེ་གཏོང་མི་རུང་། ཀྲུང་གོ་ཕྱོགས་ཀྱིས་དགོས་ངེས་ཀྱི་བྱེད་ཐབས་ཡོད་རྒུ་སྤྱད་དེ། ཀྲུང་གོའི་ཁེ་ལས་དང་མི་སྒེར་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་ཡིན”ཞེས་བརྗོད་པ་རེད།