འཚོལ་བཤེར།   
藏文频道
2022ལོའི་ཟླ་3ཚེས་7ཉིན།

༄༅།།འདི་ལོ་སྐྱེ་ཁམས་ཁོར་ཡུག་མུ་མཐུད་ལེགས་སུ་བཏང་ནས་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་
སྐུལ་འདེད་གཏོང་དགོས།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 03ཚེས་07ཉིན། 15:23】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཚེས་5ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་སྐྱེ་ཁམས་ཁོར་ཡུག་མུ་མཐུད་ལེགས་སུ་བཏང་ནས་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། སྦགས་བཙོག་བཅོས་སྒྲིག་དང་སྐྱེ་ཁམས་སྲུང་སྐྱོང་སླར་གསོར་ཤུགས་སྣོན་བརྒྱབ་སྟེ། འཕེལ་རྒྱས་དང་བཙོག་འབུད་ཉུང་གཏོང་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ནས། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ལ་སྐུལ་འདེད་གཏོང་དགོས་ཞེས་བསྟན་པ་རེད།
    སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་དགོས། རླུང་ཁམས་ཆེ་མོའི་སྦགས་བཙོག་མང་བའི་དངོས་པོ་མཐུན་སྦྱོར་ཚོད་འཛིན་དང་ས་ཁོངས་མཐུན་སྦྱོར་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་གཙང་པོ་དང་མཚེའུ་དང་མཚོ་ཁུག་གལ་ཆེན་གྱི་སྦགས་བཙོག་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས་ས་ཞིང་གི་སྦགས་བཙོག་འགོག་བཅོས་ལ་མུ་མཐུད་སྐུལ་འདེད་གཏོང་དགོས། མཁྲེགས་གཟུགས་སྙིགས་རོ་དང་སྦགས་བཙོག་དངོས་རིགས་གསར་པ་བཅོས་སྒྲིག་ལ་ཤུགས་སྣོན་བརྒྱབ་ནས། གད་སྙིགས་རིགས་དབྱེ་དང་། འབོར་ཉུང་ཅན། ཐོན་ཁུངས་ཅན་བཅས་ཁྱབ་གདལ་གཏོང་དགོས། ནུས་གྲོན་ཆུ་གྲོན་དང་ཟོག་རོ་འཁོར་རྒྱུག་བེད་སྤྱོད་སོགས་ཁོར་ཡུག་སྲུང་སྐྱོང་ཐོན་ལས་ཀྱི་འདེགས་སྐྱོར་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་དགོས། སྐྱེ་ཁམས་ཁོར་ཡུག་གི་ཁུལ་དབྱེ་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་རྒྱལ་ཁབ་ས་ཆ་སྔོ་འགྱུར་ལས་དོན་སྤེལ་བ། རི་དང་། ཆུ། ནགས་ཚལ། ཞིང་ཁ། མཚེའུ། རྩྭ་ཐང་། བྱེ་ཐང་བཅས་ཕྱོགས་བསྡུས་བཅོས་སྐྱོང་ལ་སྤྱི་འདོམས་བྱེད་པ། སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་པ་བཅས་ཀྱི་ཐོག་ནས་རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱེད་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་བཏང་སྟེ། ང་ཚོ་འཚོ་སྡོད་བྱེད་པའི་ཁྱིམ་གཞིས་དེ་བས་སྔོ་ལྗང་དང་དེ་བས་མཛེས་སྡུག་ལྡན་པར་འགྱུར་བ་བྱེད་དགོས།
   ཐཱན་འབུད་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམ་སྦྱོར་གྱི་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་དགོས། ཐཱན་འབུད་ཚད་མཐོ་ཤོས་ཀྱི་བྱ་སྤྱོད་ཇུས་གཞི་དོན་འཁྱོལ་བྱེད་དགོས། ནུས་རྒྱུ་གསར་བརྗེར་སྐུལ་འདེད་གཏོང་བ་དང་། ནུས་རྒྱུ་མཁོ་སྤྲོད་འགན་ལེན་བྱེད་པ། ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་པ། སྔོན་འཛུགས་རྗེས་གཏོར་དང་སྤྱི་ཡོངས་ཇུས་འགོད་མཐའ་འཁྱོངས་བཅས་བྱས་ཏེ། ནུས་རྒྱུ་ཐཱན་ཉུང་ཕྱོགས་སུ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས། རྡོ་སོལ་དྭངས་གཙང་དང་ནུས་ཆེའི་ངང་བེད་སྤྱོད་ལ་ཤུགས་སྣོན་རྒྱག་པ་དང་གོ་རིམ་ལྡན་པའི་ངང་འབོར་ཉུང་ཚབ་བྱེད་བྱས་ནས་རྡོ་སོལ་གློག་གི་ནུས་གྲོན་ཐཱན་ཉུང་སྒྱུར་བཀོད་དང་། བབ་བསྟུན་སྒྱུར་བཀོད། དྲོད་མཁོ་འདོན་སྒྱུར་བཀོད་བཅས་ལ་སྐུལ་འདེད་གཏོང་དགོས། རླུང་གློག་ཉི་གློག་རྟེན་གཞི་ཆེ་གྲས་དང་དེའི་ལྷན་སྦྱར་སྙོམས་སྒྲིག་རང་བཞིན་གྱི་གློག་ཁུངས་འཆར་འགོད་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་གློག་དྲའི་བསྐྱར་སྐྱེས་ཐུབ་པའི་ནུས་གློག་གི་འཇུ་བསྡུའི་ནུས་པ་ཆེ་རུ་གཏོང་དགོས། ལྗང་མདོག་ཐཱན་ཉུང་ལག་རྩལ་ཞིབ་སྤེལ་དང་ཁྱབ་གདལ་བཀོལ་སྤྱོད་ལ་སྐུལ་འདེད་བཏང་ནས་ལྗང་མདོག་བཟོ་སྐྲུན་དང་ཞབས་ཞུའི་མ་ལག་འཛུགས་སྐྲུན་བྱས་ཏེ་ངར་ལྕགས་དང་། མདོག་ལྡན། རྡོ་སྣུམ་རྫས་འགྱུར། རྫས་འགྱུར་བཟོ་ལས། འཛུགས་སྐྲུན་རྒྱུ་ཆ་སོགས་ལས་རིགས་ཀྱི་ནུས་གྲོན་ཐཱན་ཉུང་ལ་སྐུལ་འདེད་གཏོང་དགོས། ཟད་གྲོན་ཆེ་བ་དང་། བཙོག་འབུད་མང་བ། ཆུ་ཚད་དམའ་བ་བཅས་ཀྱི་རྣམ་གྲངས་རྨོངས་ཚོད་ཀྱིས་འཕེལ་རྒྱས་གཏོང་རྒྱུ་གཏན་འགོག་མཐའ་གཅིག་ཏུ་བྱེད་དགོས། ནུས་གྲོན“ཚོད་འཛིན་གཉིས”དེ་ཐཱན་འབུད་སྤྱི་འབོར་དང་ཤུགས་ཚད“ཚོད་འཛིན”ལ་ཕྱོགས་སྒྱུར་བྱ་རྒྱུར་སྐུལ་འདེད་བཏང་ནས་བཙོག་འབུད་ཉུང་གཏོང་དང་ཐཱན་འབུད་ཚད་ཉུང་གཏོང་གི་ལྕག་སྐུལ་གཅུན་སྡོམ་སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་སྟེ་ལྗང་མདོག་ཐོན་སྐྱེད་བྱེད་སྟངས་དང་འཚོ་བ་སྐྱེལ་སྟངས་གང་མགྱོགས་ཆགས་པར་བྱེད་དགོས།