འཚོལ་བཤེར།   
藏文频道
2022ལོའི་ཟླ་3ཚེས་4ཉིན།

༄༅།།གུང་གསེང“སློབ་དུས་གསུམ་པར”མི་འགྱུར་བར་བྱེད་དགོས།

—— སློབ་གསོ་པུས་འཐུས་མི་དང་ཨུ་ཡོན་གྱི་གྲོས་འགོ་དང་གྲོས་གཞི་དོན་འཁྱོལ་ལ་སྐུལ་འདེད་བཏང་བ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 03ཚེས་04ཉིན། 11:01】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། མཇུག་འགྲིལ་མ་ཐག་པའི་དགུན་ཁའི་གུང་གསེང་དེར་ཕྲུ་གུ་མི་ཉུང་བ་ཞིག་ལ་སློབ་གསོ་གཏོང་ཕྱོགས་ལ་འགྱུར་ལྡོག་མངོན་གསལ་དོད་པོ་ཕྱིན་པའི་མྱོང་ཚོར་བྱུང་བ་སྟེ། སློབ་ཚན་སྣ་ཚོགས་ཀྱི་གསབ་སྦྱོང་འཛིན་གྲྭར་ཞུགས་དགོས་མ་བྱུང་ཞིང་། ད་ནས་བཟུང་གུང་གསེང་དེ“སློབ་དུས་གསུམ་པ”མིན་པ་རེད། འགྱུར་ལྡོག་དེ་སློབ་གསོ་པུས་འཐུས་མི་དང་ཨུ་ཡོན་གྱི་འབྲེལ་ཡོད་གྲོས་འགོ་དང་གྲོས་གཞི་དོན་འཁྱོལ་ལ་སྐུལ་འདེད་བཏང་བ་ལས་བྱུང་བ་ཞིག་རེད།
     སློབ་ཕྱིའི་གསོ་སྦྱོང་སྐབས་ཤིག་རིང་ཚོད་འཛིན་མེད་པར་འཕེལ་ནས། རྒྱུན་གཏན་གྱི་སློབ་གྲྭའི་སློབ་གསོའི་སྒྲིག་ལམ་ལ་འགོག་རྐྱེན་ཕོག་པ་དང་སློབ་གསོ་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱི་ལྡོག་ཕྱོགས་སུ་གྱུར་པ་ནི་སྤྱི་ཚོགས་ཐོག་ལབ་གླེང་ཆེ་བའི་གནད་དོན་ཞིག་རེད་ལ། རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཐོག་འཐུས་མི་དང་ཨུ་ཡོན་ཚོས་ཐུགས་ཁུར་གནང་བའི་བརྗོད་གཞི་ཞིག་ཀྱང་རེད།
     གསར་འགོད་པར་སློབ་གསོ་པུའུ་ནས་ཤེས་རྟོགས་བྱུང་བར། སློབ་གསོ་པུའུ་ཡིས་འཐུས་མི་དང་ཨུ་ཡོན་གྱིས་བཏོན་པའི་ཕུགས་ཕན་བཅོས་སྐྱོང་ལམ་སྲོལ་འཛུགས་རྒྱུ་དང་། བརྡ་ཁྱབ་ལ་བཅོས་སྐྱོང་ནན་པོ་བྱ་རྒྱུ། ཁུར་པོ་ཡང་དུ་གཏོང་རྒྱུ་སོགས་ཀྱི་གྲོས་འགོ་དང་གྲོས་གཞིར་ཚད་མཐོའི་མཐོང་ཆེན་བྱས་ཏེ། “གཉིས་ཡང”དེ“འདུ་འགོད་ཨང་དང་པོར”བརྩིས་ནས་གཙོ་གནད་ཐོག་སྐུལ་འདེད་བཏང་བ་དང་། སློབ་ཕྱིའི་སློབ་གསོ་གསོ་སྦྱོང་ལྟ་འདོམས་སི་བཙུགས་པ། སྡེ་ཚན་19ལས་གྲུབ་པའི“གཉིས་ཡང”ལས་ཀའི་ཆེད་དོན་མཐུན་སྦྱོར་ལམ་སྲོལ་སྣེ་ཁྲིད་ནས་བཙུགས་པ། སློབ་གྲྭའི་ཕྱི་རུ་བཅོས་སྒྲིག་དང་སློབ་གྲྭའི་ནང་དུ་སྤུས་ཚད་མཐོ་རུ་གཏོང་རྒྱུ་གཉིས་མཉམ་འགུལ་བྱས་པ། ལམ་ལུགས་འཛུགས་སྐྱོང་དང་ལྟ་སྐུལ་ཞིབ་བཤེར་ལས་དོན་དུས་མཉམ་དུ་བསྒྲུབས་པ། སྲིད་ཇུས་དོན་འཁྱོལ་གྱི“ཐབས་མང་མཉམ་སྤྱོད”བྱས་ཡོད།
     ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་དགུ་པའི་ཐོག《འོས་འགན་སློབ་གསོའི་དུས་མཚམས་ཀྱི་སློབ་མའི་རང་སྦྱོང་གི་ཁུར་པོ་དང་སློབ་ཕྱིའི་གསོ་སྦྱོང་གི་ཁུར་པོ་སྔར་བས་ཡང་དུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཞིང་། 2021ལོའི་ཟླ་7པར་བསམ་འཆར་ཆ་ཚང་ཁྱབ་བསྒྲགས་བྱས་ནས“གཉིས་ཡང”བཀོད་སྒྲིག་ཁ་གསལ་བྱས་ཡོད།
     2021ལོའི་ཟླ་8པར། སློབ་གསོ་པུས“རིག་ཚན་རིགས་ཀྱི་སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞི་བཅོས་སྒྲིག་དང་ཚད་ལྡན་དུ་གཏོང་བར་སྐུལ་འདེད་གཏོང་རྒྱུའི”གཙོ་གནད་སྒྲུབ་སྐུལ་གྲོས་འགོའི་སྐོར་ལ་ལས་དོན་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་8དྲ་ཐོག་ནས་སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞི་བཅོས་སྒྲིག་གི་དཀའ་གནད་ཐུན་མོང་ཐོག་སེལ་བའི་ལས་དོན་ལ་ཞུགས་པར་གདན་དྲངས་ཡོད།