འཚོལ་བཤེར།   
藏文频道
2022ལོའི་ཟླ་3ཚེས་4ཉིན།

༄༅།།“ངས་ཞིང་པ་ལས་མིའི་ཚབ་ཞུས་ཏེ་སྤྱི་ཁྱབ་ཧྲུའུ་ཅིར་འཚམས་ལན་ཞུ་གི་ཡིན”

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 03ཚེས་04ཉིན། 10:53】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཀྲེན་ཀྲོའུ་རུ་བཅའ་སྡོད་ཧོ་ནན་ཤིན་དབྱང་གྲོང་ཁྱེར་ཧེང་ཁྲོན་རྫོང་གི་སྐོར་སྐྱོད་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་ཧོང་ཅིའུ་ཧྲེང་གི་སེམས་སུ་ལས་འགན་དམིགས་བསལ་ཞིག་ཡོད་པ་དེ་ནི་ལོ་76ལ་སླེབས་པའི་བགྲེས་སོང་ཡན་ཁྲོན་ཀྲུང་གི་ཚབ་ཞུས་ཏེ་སྤྱི་ཁྱབ་ཧྲུའུ་ཅིར་འཚམས་ལན་ཞུ་རྒྱུ་དེ་རེད།
     2019ལོའི་ཟླ་3ཚེས་8ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པའི་ཧོ་ནན་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་ཞིང་པ་ལས་མིའི་འཐུས་མི་ཧོང་ཅིའུ་ཧྲེང་གི་སྐད་ཆ་ཞིག་ལས་སྤྱི་ཁྱབ་ཧྲུའུ་ཅིར་ཐུགས་སྣང་ཟབ་མོ་བྱུང་ཡོད།
     “མི་ཚང་ཞིག་གི་མི་རབས་གསུམ་གྱི་མི་བདུན་པོ་ཚང་མ་ཨར་ལས་བྱེད་ཀྱི་ཡོད། ལོ་70ལྷག་ཙམ་ལ་སླེབས་པའི་ཡན་ཁྲོན་ཀྲུང་ནི་མི་ཚང་འདིའི་ཕ་རྒན་ཡིན་ཞིང་། ཁོང་གིས་ང་ལ‘སྤྱི་ཁྱབ་ཧྲུའུ་ཅིས་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ཆུ་ཚོད་3ལྷག་ཙམ་གནང་སོང་། ངས་ཡར་ལངས་ནས་སྙན་སྒྲོན་ཚང་མ་ཉན་པ་ཡིན། ངས་ཡར་ལངས་ནས་སྙན་སྒྲོན་མ་ཉན་ན། སྤྱི་ཁྱབ་ཧྲུའུ་ཅིར་ངོ་གནོངས་དགོས་པ་ཞིག་འདུག གང་ཡིན་ཞེ་ན། ཏང་གི་བཀའ་དྲིན་ལས་ང་ཚོ་མི་སེར་ཚོ་དབུལ་སྒྲོལ་ཕྱུག་འགྱུར་ཐུབ་སོང’”ཞེས་བརྗོད་བྱུང་།
     “སྐབས་དེ་དུས་སྐད་ཆ་འདི་ཉན་རྗེས་ང་རང་དབང་མེད་པར་མིག་ལ་མཆི་ཞག་འཁོར་བྱུང་། དབུ་སྐྲ་དུང་ལྟར་དཀར་བའི་བགྲེས་སོང་ཞིག་དང་སློབ་གྲྭ་འགྲིམ་མྱོང་མེད་པའི་ཞིང་པ་ཞིག་གིས་སྤྱི་ཁྱབ་ཧྲུའུ་ཅི་དང་རང་རེའི་ཏང་ལ་བརྩེ་དུང་ཟབ་མོ་དེ་འདྲ་བཅངས་འདུག”ཅེས་སྐད་ཆ་ཤོད་མཚམས་འདིར་ཧོང་ཅིའུ་ཧྲེང་ངུ་སྐད་ཤོར་ནས་སྐད་ཆ་ཤོད་མི་ཐུབ་པར་གྱུར། དེ་མ་ཐག་ཚོགས་ར་ཡོངས་ནས་འཐུས་མི་ཚོའི་ཐལ་མོའི་རྡེབ་སྒྲ་གྲགས།
     “ཁྱེད་རང་ཕྱིར་ལོག་རྗེས་ངའི་ཚབ་བྱས་ནས་བློ་མཐུན་ཁོང་ལ་འཚམས་འདྲི་ཞུ་རོགས”ཞེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་སེམས་དྲོ་བའི་གསུང་བཤད་དེ་ལས་ཚོགས་ར་ཡོངས་ཀྱི་ཐལ་མོའི་རྡེབ་སྒྲ་དེ་བས་ཆེ་རུ་སོང་བ་རེད།
     ཚོགས་འདུ་གྲོལ་རྗེས་ཧོང་ཅིའུ་ཧྲེང་གིས་ལམ་སེང་ཡན་ཁྲོན་ཀྲུང་ལ་ཁ་པར་བརྒྱབ།
     “ཨ་ཁུ་ཁྲོན་ཀྲུང་ལགས། སྤྱི་ཁྱབ་ཧྲུའུ་ཅིས་ཁྱེད་ལ་འཚམས་འདྲི་ཞུ་རོགས་གསུངས་ཀྱི་འདུག ཁྱེད་རང་དགའ་པོ་བྱུང་ངམ”ཞེས་དྲིས།
     “དགའ་པོ་བྱུང་། ཧ་ཅང་དགའ་པོ་བྱུང”ཞེས་ཡན་ཁྲོན་ཀྲུང་གིས་ལན་བཏབ།
     ཚོགས་འདུ་གཉིས་གྲོལ་རྗེས། ཧོང་ཅིའུ་ཧྲེང་སླར་ཡང་ཨར་ལས་བྱ་ཡུལ་དུ་བསྐྱོད་ནས་ཡན་ཁྲོན་ཀྲུང་ལ་སྤྱི་ཁྱབ་ཧྲུའུ་ཅིའི་འཚམས་འདྲི་བརྒྱུད་ཞུ་བྱས།
     དེ་རྗེས་ཡན་ཁྲོན་ཀྲུང་གིས་ཧོང་ཅིའུ་ཧྲེང་ཐུག་མ་ཐག་རྟག་ཏུ་ཁྱེད་རང་ལ་དོན་དག་གཅིག་སྐྱབས་འཇུག་ཞུ་རྒྱུ་ཡོད། “ཁྱེད་རང་ལ་གོ་སྐབས་འཕྲད་ན་ངེས་པར་དུ་ངའི་ཚབ་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅིར་འཚམས་ལན་ཞིག་ཞུ་རོགས”
     ལོ་གསུམ་གོང་གི་འཐུས་མི་ཚོགས་པའི་གཏམ་བཤད་དེ་སྤེལ་སྐབས། སྤྱི་ཁྱབ་ཧྲུའུ་ཅིའི་བྱམས་བརྩེ་དང་ལྡན་པའི་བཞིན་རས་ལ་ལྟ་བཞིན་དུ་ཧོ་ནན་ཅིན་དབྱང་གི་ལུང་པའི་སྐད་བརྒྱབ་ནས་ཧོང་ཅིའུ་ཧྲེང་གིས་མ་ཡིག་ལ་མ་བལྟས་པར་གཏམ་བཤད་སྐར་མ་བཅུ་སྤེལ་བ་དང་སྐར་མ་བཅུའི་ནང་ཁོང་གིས་སེམས་གཏིང་གི་སྐད་ཆ་ཚང་མ་བཤད་པ་རེད།
     ཁོང་གིས་རང་ཉིད་གྲོང་མི་ཚང་མའི་རོགས་རམ་འོག་འཚར་ལོངས་བྱུང་ལུགས་དང་རུ་སྣེ་ཁྲིད་དེ་འབད་བརྩོན་བྱས་ནས“ལུའུ་པན་བྱ་དགའ”ཐེངས་གཉིས་བླངས་པའི་སྐོར་དང་། རང་ཉིད་ཀྱིས་སྐོར་སྐྱོད་ཏང་ཀྲི་པུའུ་བརྒྱུད་ནས་ཞིང་པ་ལས་མིར་བྱམས་སྐྱོང་བྱས་པའི་ལོ་རྒྱུས། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལས་ཞིང་པ་ཁྲི་སྟོང་མང་པོའི་ལས་དབང་ལ་འགྱུར་ལྡོག་བྱུང་ལུགས་བཅས་བརྗོད་པ་རེད།
     “སྤྱི་ཁྱབ་ཧྲུའུ་ཅི་ཐུགས་བྲེལ་ཆེན་པོ་དེ་འདྲ་ཡོད་ནའང་ད་དུང་ཞིང་པ་ལས་མིར་ཐུགས་ཁྲལ་གནང་གི་ཡོད། ངས་སྤུན་གྲོགས་ཚོའི་སྣེ་ཁྲིད་དེ་ལས་ཀ་ཡག་པོ་མ་བྱས་ན། ཁོང་ལ་ངོ་གནོངས་དགོས་པ་ཞིག་འདུག”ཅེས་ཧོང་ཅིའུ་ཧྲེང་གིས་གསུངས་པ་རེད།
     ལོ་ཤས་རིང་། ཁོང་གིས་མང་ཚོགས་དབུལ་པོ་ཁྲི་2.2ལྷག་ཙམ་གྱི་སྣེ་ཁྲིད་དེ་དབུལ་སྒྲོལ་ཕྱུག་འགྱུར་བྱས་ཡོད། 2014ལོར་ཁོང་གིས་རང་འགུལ་ངང་ཕ་ཡུལ་དུ་ལོག་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་ཞུགས་པ་དང་། ཇ་ཁང་བཙུགས་པ། མེ་ཏོག་དང་ཤིང་སྣ་འདེབས་འཛུགས་སོགས་ཀྱི་ཐོན་ལས་གཉེར་ཡོད། ལས་ཡུལ་དུ་ཁོང་གིས་མཚན་མོའི་འཛིན་གྲྭ་གཉེར་བ་དང་སྲིད་གཞུང་གི་རྒྱབ་སྐྱོར་བརྩོན་ལེན་བྱས་ནས་ཞིང་པ་ལས་མིར་རྩལ་ནུས་གསོ་སྦྱོང་བྱས་པ་རེད།
     འདི་ལོའི་ཚོགས་ཆེན་ལ། ཧོང་ཅིའུ་ཧྲེང་གིས་ཞིང་ལས་གཉེར་སྐྱོང་བྱེད་པོ་གསར་པ་སྐྱེད་སྲིད་དང་དབུལ་སྒྲོལ་རྫོང་གི་ཐོན་ལས་འཕེལ་རྒྱས་གཏོང་ལུགས་སྐོར་གྱི་གྲོས་འགོ་གྲ་སྒྲིག་ནན་ཏན་གནང་ཡོད། ཁོང་ནི་སྔར་བཞིན་ཐོག་མཐའ་བར་གསུམ་དུ“ཞིང་གསུམ”ལ་དོ་སྣང་གནང་མཁན་གྱི་ཞིང་པ་ལས་མིའི་འཐུས་མི་ཞིག་རེད།