འཚོལ་བཤེར།   
藏文频道
2022ལོའི་ཟླ་3ཚེས་3ཉིན།

༄༅།།“ངས་ཁོང་ལ་ཡུལ་སྨད་ཀྱི་འགྱུར་ལྡོག་གསར་པ་སྟོན་གྱི་ཡིན”

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 03ཚེས་03ཉིན། 16:44】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་1ཉིན་གློག་འཕྲིན་འབྱོར་གསལ། “སྤྱི་ཁྱབ་ཧྲུའུ་ཅིས་ངའི་མིང་ནས་འབོད་སྐབས་ང་ལ་སེམས་འགུལ་མི་ཐེབས་ཅི་ལ་སྲིད”ཅེས་ལོ་4ཡི་གོང་གི་དྲོ་སྐྱིད་ལྡན་པའི་རྣམ་པ་དེ་བསྐྱར་དྲན་བྱེད་སྐབས་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་དེ་སྔའི་ཤང་ཀྲང་སྒྲོལ་དཀར་ལ་དགའ་སྤྲོ་དཔག་མེད་སྐྱེས།
     2018ལོའི་ཟླ་3པར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་འཐུས་མིར་གསར་དུ་བདམས་ཐོན་བྱུང་བའི་སྒྲོལ་དཀར་མཚོ་བོད་ས་མཐོ་ནས་ཐོན་ཏེ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་སྐྱོད།
     “སྤྱི་ཁྱབ་ཧྲུའུ་ཅི་ང་ཚོའི་ཕྱོགས་སུ་ཕེབས་སྐབས་བརྙན་འཕྲིན་ནས་མཇལ་བ་བཞིན་ཐུགས་རྒྱུད་ཞི་ཞིང་འཇམ་པ་ཞིག་འདུག”སྒྲོལ་དཀར་གྱིས་ཤེས་མ་ཐག་པའི་རྒྱ་སྐད་ཡིག་འབྲུ་རེ་རེའི་ཐོག་ནས“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ཁམས་བཟང”ཞེས་ཞུས།
     “ཉེ་འགྲམ་གྱི་འཐུས་མིས་སྤྱི་ཁྱབ་ཧྲུའུ་ཅིར་ང་རང་ཡུལ་སྨད་ནས་ཡོང་བ་རེད་ཅེས་ཞུ་སྐབས་སྤྱི་ཁྱབ་ཧྲུའུ་ཅིས་ཡུལ་སྨད་ཤང་གི་སྒྲོལ་དཀར་ཡིན་ནམ”ཞེས་བཀའ་འདྲི་གནང་བས། སྒྲོལ་དཀར་གྱིས་མགོ་ལྕོག་ལྕོག་བྱས་ཏེ“བཀྲ་ཤིས་བདེ་ལེགས”ཞེས་སྤྱི་ཁྱབ་ཧྲུའུ་ཅིས་ཐུགས་ཁུར་གནང་བར་གུས་ལན་ཞུས།
     དེ་གོང་ལོ་ཕྱེད་ཙམ་ཡང་མ་སོང་བའི་2017ལོའི་ཟླ་10ཚེས་28ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྒྲོལ་དཀར་གཅེན་གཅུང་གཉིས་ལ་འཕྲིན་ལན་སྤྲིངས་ནས“རྒྱལ་ཁབ་ཡོད་ན་གཞི་ནས་ཁྱིམ་ཚང་ཡོད་པ་དང་རྒྱལ་མཚམས་སུ་ལྷིང་འཇགས་མེད་ན་ཁྱིམ་ཚང་ཁྲི་སྟོང་མང་པོའི་དུས་བདེ་མེད། མེས་རྒྱལ་གྱི་མཐའ་མཚམས་མངའ་ཁོངས་ཀྱི་རྩྭ་རྩི་ཤིང་ཚུན་ཆད་ང་ཚོས་ལྟ་སྲུང་ཡག་པོ་བྱེད་དགོས”ཞེས་བྲིས་གནང་ཡོད་པ་རེད།
     འཕྲིན་ལན་དེ་སྒྲོལ་དཀར་ཁྱིམ་གྱི་མངོན་གསལ་དོད་ཤོས་སུ་བཀལ་ཡོད། ཁོང་གིས“སྤྱི་ཁྱབ་ཧྲུའུ་ཅིས་འཕྲིན་ཡིག་ནང་གསུངས་པའི་བཀའ་མོལ་ལས་ངས་རྟག་ཏུ་པཱ་ལགས་དང་མཉམ་དུ་མཐའ་མཚམས་སྲུང་བའི་ལོ་ཟླ་དྲན་གྱི་འདུག”ཅེས་བརྗོད།
     དེ་སྔ་ཡུལ་སྨད་ལ་མི་3ལས་མེད་པ་དག་ནི་ཤང་ཀྲང་རྒན་གྲས་སངས་རྒྱས་ཆོས་འཕགས་དང་ཁོང་གི་བུ་མོ་སྒྲོལ་དཀར་དང་གཡང་འཛོམས་རེད། ལོ་34ཡི་གོང་དུ་པཱ་ལགས་ཀྱི་རྗེས་བསྐྱངས་ནས་སྒྲོལ་དཀར་གྱིས་རྒྱལ་ཁབ་ཀྱི་ཆེད་དུ་མཐའ་མཚམས་སྲུང་བའི་ལམ་བུར་སྐྱོད་པ་རེད།
     སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་འབྱོར་རྗེས་སྒྲོལ་དཀར་གྱིས་སྔར་བཞིན་ཆར་རླུང་དང་གངས་འཁྱག་ལ་མ་འཛེམས་པར་མཐའ་མཚམས་བསྲུང་རྒྱུ་མཐའ་འཁྱོངས་བྱས་ཡོད། “སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མངགས་དང་པཱ་ལགས་ཀྱི་བསམ་འདུན་ནི་ངས་བརྟན་སྲུང་བྱེད་པའི་བསམ་པའི་རྟེན་ས་ཡིན”ཞེས་བརྗོད།
     2021ལོའི་ཟླ་6ཚེས་29ཉིན་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོའི་གསེར་མདོག་ཚོམས་ཆེན་དུ“བདུན་གཅིག་བྱས་རྗེས་གཟེངས་རྟགས”གནང་བའི་མཛད་སྒོའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་སླར་ཡང་མཇལ་རྒྱུ་བྱུང་བ་རེད།
     “བཀྲ་ཤིས་བདེ་ལེགས”ཞེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཛུམ་དམུལ་དམུལ་ངང་སྒྲོལ་དཀར་ལ་ཁམས་བདེའི་འཚམས་འདྲི་གནང་།
     ཚོར་སྣང་སྣ་ཚོགས་ཡིད་ལ་འཁོར་བཞིན་སྒྲོལ་དཀར་གྱིས་སྤྱི་ཁྱབ་ཧྲུའུ་ཅིའི་ཕྱག་ནས་དམ་པོར་བཟུང་སྟེ་ངོ་ཚ་སྨིན་པོས“སྤྱི་ཁྱབ་ཧྲུའུ་ཅི་སྐུ་ཁམས་བཟང་། ཁྱེད་རང་སྐུ་ལས་ཁག་སོང”ཞེས་ཞུས།
     ཚེ་གང་རིང་བརྗེད་པར་དཀའ་བའི་རྣམ་པ་དེ་རྩ་ཆེ་བའི་འདྲ་པར་ལས་མངོན་ཡོད། ཡུལ་སྨད་དུ་འཛུགས་སྐྲུན་པ་གསར་པ་སླེབས་རིམ་བཞིན་སྒྲོལ་དཀར་གྱིས་འདྲ་པར་བཏོན་ནས་ཁོང་ཚོར“སྤྱི་ཁྱབ་ཧྲུའུ་ཅིས་གནང་བའི‘བདུན་གཅིག་བྱས་རྗེས་གཟེངས་རྟགས’འདི་རང་ཉིད་གཅིག་པུར་དབང་བ་མིན། ཏང་དང་རྒྱལ་ཁབ་ཀྱིས་མེས་རྒྱལ་མཐའ་མཚམས་བརྟན་སྲུང་བྱེད་མཁན་གྱི་མི་རིགས་ཁག་གི་མི་དམངས་ཚང་མ་བརྗེད་མི་སྲིད”ཅེས་ཤོད་ཀྱི་ཡོད།
     དེ་སྔ་དགའ་མགུ་ཡི་རངས་དང་བཀའ་དྲིན་གྱི་བསམ་པ་འཆང་བཞིན་དུ་སྒྲོལ་དཀར་གྱིས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཐོག་ཚང་མར་ཡུལ་སྨད་ཤང་གི“འཆར་འགོད་རི་མོ”སྟོན་གྱི་ཡོད།
     ད་ཆ་འཆར་གཞི་དེ་མངོན་གྱུར་བྱུང་ནས་དེ་སྔའི“མི་གསུམ་ཤང”དེ་དུད་ཚང་67གྱི་མི་200ལྷག་ཙམ་དང་ཁོངས་གཏོགས་སུ་སྲིད་འཛིན་གྲོང་ཚོ་གཉིས་ཡོད་པའི་འབྱོར་འབྲིང་ཤང་དུ་གྱུར་ཡོད། 2021ལོར་ཤང་ཡོངས་ཀྱི་མི་རེའི་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་4ཙམ་ཟིན་ཡོད།
     སྒྲོལ་དཀར་གྱི་བུ་མོ་རྒན་པ་པ་སངས་སྒྲོལ་དཀར་སློབ་ཆེན་ཐོན་རྗེས་ཡུལ་སྨད་དུ་ལོག་ནས་གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་ལས་བྱེད་པ་ཞིག་བྱས་པ་དང་། ཁོང་གི་གཅེན་མོའི་བུ་བསོད་ནམས་དོན་གྲུབ་སློབ་ཆེན་ཐོན་རྗེས་ཡུལ་སྨད་ཤང་གི་གཞུང་ལས་པ་ཞིག་ཏུ་གྱུར་བ་སོགས། མཛེས་སྡུག་ལྡན་པའི་སྐལ་བཟང་མེ་ཏོག་བཞད་པ་ལྟར་གངས་ལྗོངས་ས་མཐོའི་མཐའ་མཚམས་སུ་ལས་ལ་གཞོལ་མཁན་གཞོན་ནུ་ཇེ་མང་དུ་འགྲོ་བཞིན་ཡོད།
     འདི་ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་འཚོགས་པའི་དུས་ཚོད་དང་བོད་ཀྱི་ལོ་གསར་སྐབས་ཏག་ཏག་འཁེལ་གྱི་ཡོད། སྒྲོལ་དཀར་གྱིས་གྲ་སྒྲིག་བྱས་པའི་གྲོས་འགོ་ནི་མཐའ་མཚམས་མི་སེར་གྱི་ཁ་གསབ་དང་། འགྲོ་ལམ་འཛུགས་སྐྲུན། ཡུལ་སྐོར་འཕེལ་རྒྱས་བཅས་ཀྱི་སྐོར་ཡིན་པ་རེད།
     ལག་ཐོགས་ཁ་པར་ནང་གི་འདྲ་པར་དང་བརྙན་ཐུང་སྟོན་བཞིན་ཁོང་གིས་དགའ་སྤྲོའི་ངང“གལ་ཏེ་སླར་ཡང་སྤྱི་ཁྱབ་ཧྲུའུ་ཅི་མཇལ་ཚེ་ངས་ཁོང་ལ་ཡུལ་སྨད་ཀྱི་འགྱུར་ལྡོག་གསར་པ་སྟོན་གྱི་ཡིན”ཞེས་བརྗོད།