འཚོལ་བཤེར།   
藏文频道
2022ལོའི་ཟླ་3ཚེས་2ཉིན།

༄༅།།སྨན་བཅོས་བྱེད་པར་སྟབས་བདེ་བསྐྲུན་འདུག 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 03ཚེས་02ཉིན། 14:17】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་1ཉིན་གློག་འཕྲིན་འབྱོར་གསལ། ཚེས་1ཉིན་གསར་འགོད་པས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཉེ་ཆར་མི་ཤུགས་སྤྱི་ཚོགས་པུའུ་དང་རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་བར“ཕན་ཚུན་མཉམ་ལས་”ཀྱི་བགྲོད་ལམ་དངོས་སུ་ཤར་གཏོང་ཐུབ་ནས་གློག་རྡུལ་གྱི་སྤྱི་ཚོགས་འགན་སྲུང་གཱ་དང་སྨན་བཅོས་འགན་སྲུང་གི་གློག་རྡུལ་འཛིན་ཡིག་གཉིས་ཀ་སྨན་བཅོས་དང་སྨན་ཉོ་བའི་ཁྱབ་ཁོངས་སུ་སྤྱོད་རྒྱུར་རྒྱབ་སྐྱོར་བྱས་པ་རེད། 2021ལོའི་ལོ་མཇུག་བར་ཞིང་ཆེན་16གི་ས་ཁུལ་དང་གྲོང་ཁྱེར་138ལ་གློག་རྡུལ་སྤྱི་ཚོགས་འགན་སྲུང་གཱ་སྤྱད་དེ་སྨན་བཅོས་དང་སྨན་ཉོ་ཐུབ་ཡོད་པ་རེད།
     རང་རྒྱལ་གྱིས་སྤྱི་ཚོགས་འགན་སྲུང་གཱ་གཞི་རྟེན་དུ་བྱས་ནས་མི་སེར་ལ་སྤྱི་ཚོགས་འགན་སྲུང་ཞབས་ཞུ་དང་། འགྲིམ་འགྲུལ་ཕྱིར་སྐྱོད། ཡུལ་སྐོར་ལྟ་སྐོར། རིག་གནས་ཉམས་ལེན་སོགས་ཕྱོགས་མང་པོའི་ནུས་པ་ཁྱོན་ཡོངས་ནས་སྣོན་ཐབས་བྱེད་བཞིན་ཡོད། མིག་སྔའི་གནས་ཚུལ་ལ་གཞིགས་ན།གཱ་ཆུང་ངུ་དེས་རྒྱུན་གཏན་གྱི་འཚོ་བའི་ཁྲོད་ནུས་པ་ཆེན་པོ་ཐོན་གྱི་ཡོད་ཅེས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའི་ཆ་འཕྲིན་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་སུང་ཅིང་ཡན་གྱིས་བཤད།
     མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའི་གྲངས་གཞི་ལས་མངོན་པར། 2021ལོའི་ལོ་མཇུག་བར་རྒྱལ་ཡོངས་སུ་སྤྱི་ཚོགས་འགན་སྲུང་གཱ་སྤྱོད་མཁན་དུང་ཕྱུར་13.52ཟིན་པ་དང་ཁྱབ་ཚད་95.7%ཟིན་ཡོད་པ་རེད།
     སུང་ཅིང་ཡན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། གཅིག་ནི་སྤྱི་ཚོགས་འགན་སྲུང་གཱ་ཡིས་དོན་དག་སྒྲུབ་ཐུབ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཁྱབ་ཁོངས་ཀྱི་ལས་སྒོ་ཁག་95ཚང་མ་སྤྱི་ཚོགས་འགན་སྲུང་གཱ་ནང་བཅུག་ཡོད་པས་མང་ཚོགས་ཀྱིས་གཱ་འཁྱེར་བའམ་ཡང་ན་ཨང་བཤེར་བྱས་རྗེས་དོན་དག་མགྱོགས་མྱུར་ངང་སྒྲུབ་ཐུབ། དེའི་ནང་ན་གཞོན་གྱིས་འགན་སྲུང་ནང་ཞུགས་པ་དང་། ཐོ་འགོད་བྱས་ནས་ལས་ཞུགས་ཞབས་ཞུ་ལོངས་སྤྱོད་བྱེད་པ། དར་མ་ཚོས་ལས་རིགས་གསོ་སྦྱོང་ནང་ཞུགས་པ། སྤྱི་ཚོགས་འགན་སྲུང་གི་འབྲེལ་བ་གཞན་སྒྱུར་བྱེད་པ། རྒན་རྒོན་ཚོས་སྤྱི་ཚོགས་འགན་སྲུང་ཐོབ་ཐང་ཁས་ལེན་དཔང་འདོན་བྱེད་པ། སྤྱི་ཚོགས་འགན་སྲུང་གི་ཁེ་དབང་འདྲི་རྩད་བྱེད་པ་སོགས་ཚུད་ཡོད་པ་རེད།
     གཉིས་ནི་དངུལ་བསྐུར་ཐུབ་པ་ཞིག་རེད། སྤྱི་ཚོགས་འགན་སྲུང་གཱ་ནི་“ཐོབ་ཐང་གཱ”ཞིག་ཀྱང་ཡིན་པས་ལས་ཞུགས་ཁ་གསབ་དང་། རྒན་གསོའི་གྲོན་དངུལ། ལས་ཤོར་མ་དངུལ། ལས་རྨས་གསབ་དངུལ། ཞིང་པ་ལས་མིའི་གླ་ཆ་སོགས་ལེན་ཐུབ་ཀྱི་ཡོད་པ་རེད། དམངས་ཕན་ཞིང་ཕན་ནོར་སྲིད་ཀྱི་ཁ་གསབ་མ་དངུལ་དེ་ཞིང་ཆེན་31གི་ས་ཁུལ་དང་གྲོང་ཁྱེར་ཁག་ཅིག་ལ་སྤྱི་ཚོགས་འགན་སྲུང་གཱ་བརྒྱུད་དེ་སྤྲོད་ཀྱི་ཡོད་པ་རེད། སི་ཁྲོན་དང་ཅང་ཞི་སོགས་ཀྱིས་ད་དུང་སྤྱི་ཚོགས་འགན་སྲུང་གཱ་སྤྱད་དེ་རྒྱལ་ཁབ་ཀྱི་སློབ་སྐྱོར་རོགས་དངུལ་སྤྲོད་རྒྱུའི་འཚོལ་ཞིབ་བྱས་པ་རེད།
     གསུམ་ནི་དེ་བས་རིག་ནུས་ལྡན་པ་ཞིག་རེད། ཞིང་ཆེན་24ཡི་ས་ཁུལ་དང་གྲོང་ཁྱེར་ཁག་ཅིག་ཏུ་སྤྱི་ཚོགས་འགན་སྲུང་གཱ་སྤྱད་དེ་དཔེ་དེབ་གཡར་ལྟ་དང་། རྟེན་རྫས་བཤམས་མཛོད་ཁང་དང་སྤྱི་གླིང་མཛེས་ལྗོངས་ཁུལ་དུ་སྐྱོད་ཆོག་ཡོད་པ་རེད། ཧྲན་ཏུང་དང་མཚོ་སྔོན། ཉིང་ཞ་སོགས་ཀྱིས་སྤྱི་ཚོགས་འགན་སྲུང་གཱ་ནང་དབང་པོ་སྐྱོན་ཅན་ལ་ཞབས་འདེགས་བྱེད་ནུས་བསྣན་པ་མ་ཟད། མང་ཚོགས་ཀྱིས་ད་དུང་གློག་རྡུལ་སྤྱི་ཚོགས་འགན་སྲུང་གཱ་སྤྱད་དེ་རྒྱལ་ཁབ་སྲིད་དོན་ཞབས་ཞུའི་ལས་སྟེགས་དང་ཞིང་ཆེན་རིམ་པའི་སྲིད་དོན་ཞབས་ཞུའི་ལས་སྟེགས་ནང་ཞུགས་ཆོག་གི་ཡོད་པ་རེད།
     གོམ་སྟབས་རྗེས་མར་ང་ཚོས་ས་ཁུལ་དེ་བས་མང་བར་གྲོང་མིའི་ཞབས་ཞུའི“གཱ་གཅིག་ཀུན་ཁྱབ”མངོན་འགྱུར་བྱ་རྒྱུར་མུ་མཐུད་སྐུལ་འདེད་བཏང་ནས་སྤྱི་ཚོགས་འགན་སྲུང་གཱ་དེ་ཁྱབ་ཁོངས་དེ་བས་མང་བར་སྤྱོད་ཐུབ་པ་དང་སྤྱོད་བདེ་པོ་ཡོང་བ་བྱ་རྒྱུ་ཡིན་ཞེས་སུང་ཅིང་ཡན་གྱིས་བཤད།