འཚོལ་བཤེར།   
藏文频道
2022ལོའི་ཟླ་3ཚེས་2ཉིན།

༄༅།།མི་རིགས་ལག་ཤེས་བཟོ་རྩལ་ལ་སླར་ཡང་སྐྱེ་སྟོབས་ཀྱི་དཔལ་འབར་བ།

—— རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ནོར་བུ་སྲི་ཐར་གྱིས་རང་འགན་གཙང་སྒྲུབ་བྱས་པའི་སྐོར་བཀོད་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 03ཚེས་02ཉིན། 13:22】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་བོད་ལྗོངས་ཐང་གའི་སྒྱུ་རྩལ་གླིང་གི་ཡོན་ཀྲང་ནོར་བུ་སྲི་ཐར་གྱི་གཞུང་ལས་ཁང་གི་སྒྲོག་ཙེའི་སྒང་དུ་སློབ་ཐོན་ལག་ཁྱེར་གསར་རྐྱང་ཞིག་བཞག་ཡོད་པ་རེད། ལག་ཁྱེར་དེ་ནི་ཁོང་གི་སློབ་མ་ཡག་ཤོས་ཉི་མ་མཚམས་ལགས་ཀྱི་རེད། བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་གྱི་ཞིང་པའི་བུ་མོ་དེས་ཐང་གའི་སྒྱུ་རྩལ་གླིང་དུ་ལོ་7ལྷག་ཙམ་སློབ་སྦྱོང་བྱས་པ་བརྒྱུད། ད་ཆ་གཞིས་རྩེ་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པའི་ཐང་གའི་དགེ་རྒན་ཞིག་ཏུ་གྱུར་ཡོད།
     ཐང་ག་བཞེངས་སྟངས་སྦྱངས་པ་ལས་ཉི་མ་མཚམས་ལགས་ཀྱི་ལས་དབང་ལ་འགྱུར་ལྡོག་ཕྱིན་ཡོད། བོད་ལྗོངས་ཐང་གའི་སྒྱུ་རྩལ་གླིང་བཙུགས་ཚུན། ལོ་10ཡི་རིང་ད་དུང་ཁོང་དང་འདྲ་བའི་སློབ་མ་300ལྷག་ཙམ་དེ་ག་ནས་ཐོན་ཡོད། ཁོང་ཚོར་རང་ཉིད་དང་ནང་མི་གསོ་བའི་ལག་རྩལ་ཡོད་པ་མ་ཟད། བོད་རིགས་ཀྱི་སྲོལ་རྒྱུན་ལག་རྩལ་དེ་ཁྱབ་སྤེལ་གཏོང་ཐུབ་ཡོད།
     ཐང་ག་ནི་བོད་མི་རིགས་ཀྱི་རིག་གནས་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་རི་མོའི་སྒྱུ་རྩལ་གྱི་རྣམ་པ་ཞིག་ཡིན་པ་དང་། བརྗོད་བྱ་བོད་རིགས་ཀྱི་ལོ་རྒྱུས་དང་། ཆབ་སྲིད། རིག་གནས། སྤྱི་ཚོགས་འཚོ་བ་སོགས་ཁྱབ་ཁོངས་མང་པོ་དང་འབྲེལ་བ་ཡོད། ལོ་ངོ་སྟོང་གི་ལོ་རྒྱུས་ནང་ཐང་གར་ཉམས་འགྱུར་མི་འདྲ་བའི་ལུགས་མང་དུ་ཆགས་པ་མ་ཟད། གྲགས་ཅན་མཁས་དབང་མི་ཉུང་བ་ཞིག་ཀྱང་ཐོན་ཡོད། དེང་རབས་བོད་ཀྱི་ཐང་གའི་ལས་རིགས་སུ་ནོར་བུ་སྲི་ཐར་སྐད་གྲགས་ཆོད་པ་དང་ཁོང་ནི་བོད་ཀྱི་ཐང་གའི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་དང་ཀྲུང་གོའི་བཟོ་རྩལ་མཛེས་རྩལ་མཁས་ཅན་ཞིག་རེད། བོད་ཀྱི་ཐང་གའི་སྒྱུ་རྩལ་གྱི་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་ཆེད། ནོར་བུ་སྲི་ཐར་གྱིས་བོད་ཀྱི་ཐང་གའི་སྒྱུ་རྩལ་གླིང་བཙུགས་ནས་ཁྱིམ་རྒྱུད་ཀྱི་ལག་རྩལ་སློབ་ཡོན་མེད་པར་སློབ་མར་བསླབས་ཏེ། ཆེད་ལས་ཐང་ག་བཞེངས་མཁན་འབོར་ཆེན་ཞིག་གསོ་སྐྱོང་བྱས་པར་བརྟེན། གནའ་བོའི་སྒྱུ་རྩལ་དེར་རྒྱུན་འཛིན་མཁན་ཡོད་པ་དང་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་ཡོད།
     2018ལོར། ནོར་བུ་སྲི་ཐར་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ལ་བདམས་ནས་ཁོང་གི་ཕྲག་པའི་འགན་འཁྲི་སྔར་བས་ལྕི་རུ་ཕྱིན་ཡོད། གཞི་རིམ་དུ་བརྟག་ཞིབ་ཡུན་རིང་བྱས་པ་བརྒྱུད། ཉེ་བའི་ལོ་ཤས་རིང་བོད་ཀྱིས་སྔ་རྗེས་སུ་ས་གནས་ཀྱི་ཁྱད་ཆོས་དང་མི་རིགས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ལྡན་པའི་ཁྲིམས་སྲོལ་དང་། སྒྲིག་སྲོལ། ལམ་ལུགས་རང་བཞིན་གྱི་ཡིག་ཆ་བཅས་འབོར་ཆེན་བཟོས་པ་དང་། ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཁྲིམས་ལྟར་སྲུང་སྐྱོབ་བྱས་པ། ཐང་ག་མཚོན་བྱེད་དུ་བྱས་པའི་སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ་མང་པོ་སྔར་འབྱུང་མྱོང་མེད་པའི་འཕེལ་རྒྱས་བྱུང་མོད། འོན་ཀྱང་མི་རིགས་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་རྒྱུན་འཛིན་བྱེད་པའི་གནད་དོན་ཐད་སྔར་བཞིན་སེལ་དཀའ་བའི་དཀའ་གནད་ཕྲད་ཡོད་པ་ནོར་བུ་སྲི་ཐར་གྱིས་ཤེས་རྟོགས་བྱུང་བ་རེད།
     ནོར་བུ་སྲི་ཐར་གྱིས་གསར་འགོད་པར་མི་རིགས་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་རྒྱུན་འཛིན་པ་ཞིག་ཏུ་འགྱུར་བར་མི་ཆོས་ཀྱི་བཀག་རྒྱ་ཆེན་པོ་ཡོད་པས། དགེ་ཕྲུག་ཚོས་གོམ་པ་རེ་རེ་བཞིན་འབད་བརྩོན་བྱེད་དགོས་པ་མ་ཟད། ཐ་ན་ལོ་བཅུ་ཕྲག་ཁ་ཤས་སྤྱད་རྗེས་གཞི་ནས་སྙིང་བཅུད་དངོས་ཁོང་དུ་ཆུད་ཐུབ་ཀྱི་ཡོད་ཅེས་བཤད།
     དེས་ན། ནོར་བུ་སྲི་ཐར་གྱིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པར། 《རྒྱལ་ཁབ་ལ་མི་རིགས་ལག་ཤེས་བཟོ་རྩལ་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བའི་ལས་དོན་སྤེལ་ཤུགས་སྔར་བས་ཆེ་རུ་གཏོང་བའི་རེ་འདུན་ཞུ་བའི་སྐོར་གྱི་གྲོས་གཞི》ཕུལ་བ་དང་། ཕ་མེས་ཚོས་བཞག་པའི་རྩ་ཆེའི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་པ་ནི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། འབྲེལ་ཡོད་སྡེ་ཚན་གྱིས་རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ཏེ་འཐབ་ས་དང་པོར་རྟོག་ཞིབ་དང་བརྟག་ཞིབ་བྱེད་པར་བསྐྱོད་ནས། གང་ལ་གང་འཚམ་དང་ཕུགས་ལ་ཕན་པའི་སྲིད་ཇུས་བཏོན་ནས། མི་རིགས་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་ལ་རྒྱབ་སྐྱོར་བྱས་ཏེ། མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་དེ་བས་ལེགས་པ་བྱེད་རྒྱུའི་གྲོས་འགོ་བཏོན་པ་རེད། གྲོས་གཞི་འདི་རྒྱལ་ཡོངས་སྲིད་གྲོས་ཀྱི་2021ལོའི་ལོ་འཁོར་གྱི་གྲོས་གཞི་ཡག་ཤོས་སུ་བདམས་པ་རེད།
     ནོར་བུ་སྲི་ཐར་གྱིས། “རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ལ་བདམས་པ་ནི་ངའི་ངོས་ནས་བརྗོད་ན་གཟི་བརྗིད་ཅིག་རེད་ལ་འགན་འཁྲི་ལྕི་པོ་ཞིག་ཀྱང་ཡིན་པས། ངས་འབད་བརྩོན་ཆེན་པོས་ཐང་གའི་སྒྱུ་རྩལ་རྒྱུན་འཛིན་དང་དར་སྤེལ་གཏོང་གི་ཡིན”ཞེས་བཤད། ད་ཆ་ཐང་གའི་སྒྱུ་རྩལ་གླིང་དུ་སློབ་མ་40ཙམ་ཡོད་པ་དང་ཁོང་གིས་ཉིན་ལྟར་ཉུང་མཐར་ཡང་ཆུ་ཚོད་3སྤྱད་དེ་སློབ་མ་ཚོར་སློབ་ཚན་འཁྲིད་ཀྱི་ཡོད་པ་རེད། དེ་གའི་སློབ་མ་ཚང་མ་སློབ་ཡོན་མེད་པར་ཐང་གའི་སྒྱུ་རྩལ་གླིང་དུ་ཟ་སྡོད་བྱེད་ཀྱི་ཡོད། དུས་རྒྱུན་སྤེལ་རེས་བྱེད་རིང་ནོར་བུ་སྲི་ཐར་གྱིས་རྟག་ཏུ་ཁོ་ཚོར་མི་དང་མིའི་དབར་འབྲེལ་བ་བྱེད་སྟངས་ཀྱི་གནས་ལུགས་སློབ་ཀྱི་ཡོད། “ཕུལ་དུ་བྱུང་བའི་ཐང་ག་བཞེངས་མཁན་ཞིག་ཏུ་འགྱུར་བར་ཐང་གའི་སྒྱུ་རྩལ་ཁོང་དུ་བརྟན་པོ་ཆུད་པར་བྱེད་དགོས་པ་མ་ཟད། ཟོལ་མེད་གཞུང་དྲང་གི་མི་ཞིག་བྱས་ཚེ་གཞི་ནས་སྒྱུ་རྩལ་གྱི་ལམ་བུར་ཡུན་རིང་སྐྱོད་ཐུབ”
     ལོ་དེ་དག་ནང་རྒྱལ་ཁབ་དང་ས་གནས་སྲིད་གཞུང་གི་རྒྱབ་སྐྱོར་འོག་ཐང་གའི་སྒྱུ་རྩལ་གླིང་གིས་རིམ་རྩིས་བྱས་ན་སྒོར་ཁྲི་1000ལྷག་ཙམ་བཏང་ནས་ཆེད་ལས་ཐང་ག་བཞེངས་མཁན་300ལྷག་ཙམ་སློབ་ཡོན་མི་དགོས་པར་གསོ་སྐྱོང་བྱས་པ་དང་འབྲེལ། མི་ཆིག་སྟོང་ལྷག་ཙམ་གྱི་ལས་ཞུགས་ལ་སྐུལ་ཁྲིད་ཀྱང་བྱས་ནས་བོད་ཀྱི་ཐང་གའི་སྒྱུ་རྩལ་སྲུང་སྐྱོང་དང་། རྒྱུན་འཛིན། འཕེལ་རྒྱས་བཅས་ལ་ལེགས་སྐྱེས་ཆེན་པོ་ཕུལ་བ་མ་ཟད། བོད་ཀྱི་ཁྱད་ལྡན་རིག་གནས་ཐོན་ལས་འཕེལ་རྒྱས་དང་གྲོང་གསེབ་དར་རྒྱས་གཏོང་ཆེད་ནང་སྐྱེས་སྒུལ་ཤུགས་ཀྱང་མཁོ་འདོན་བྱས་ཡོད།
     འདི་ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ་ནོར་བུ་སྲི་ཐར་གྱིས་མུ་མཐུད་བོད་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་བའི་རྒྱབ་སྐྱོར་དང་སྲུང་སྐྱོབ་ལ་དམིགས་ཏེ། བོད་དང་ས་ཁུལ་གཞན་དག་གི་ལག་ཤེས་བཟོ་རྩལ་བའི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་དང་ཐོན་ཁུངས་དེ་བས་མང་བ་གསར་སྤེལ་བེད་སྤྱོད་བྱས་ནས། མི་རིགས་ཀྱི་རིག་གནས་རྒྱུན་འཛིན་དར་སྤེལ་དང་རིག་རྩལ་བྱ་གཞག་དར་རྒྱས་གོང་འཕེལ་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་བའི་རེ་བ་བྱེད་ཀྱི་ཡོད།