འཚོལ་བཤེར།   
藏文频道
2022ལོའི་ཟླ་2ཚེས་28ཉིན།

༄༅།།གློག་དྲ་ལས་འོད་སྣང་སྦྱིན། གློག་འོད་ལས་བདེ་སྐྱིད་ཚོར།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 02ཚེས་28ཉིན། 10:23】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    དགུན་དུས་ཀྱི་བོད་ལྗོངས་སེང་གེ་ཁ་འབབ་གྲོང་རྡལ་རྒྱ་སྨུག་གྲོང་ཚོར་ཁ་བས་བཀླུབས་ནས་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་20ཙམ་དུ་སླེབས་མོད། འོན་ཀྱང་གྲོང་མི་ཚེ་རིང་དཔའ་མོའི་ཡངས་ཤིང་དཀར་ཆ་དོད་པའི་ཁྱིམ་དུ་སྐྱོད་སྐབས་དྲོ་སོབ་སོབ་དང་སྐྱིད་སྣང་དོད་པའི་སྣང་བ་ཞིག་ངང་གིས་སྟེར། ཁང་པའི་ནང་ལྟ་སྐབས་བརྙན་འཕྲིན་འཕྲུལ་ཆས་དང་། འཁྱགས་སྒམ། གློག་ཁབ་ལེན་གྱི་ཐབ་སོགས་ཁྱིམ་སྤྱོད་གློག་ཆས་གང་དགོས་ཚང་མ་འདུག་པས་འབྱོར་འབྲིང་ཁྱིམ་ཚང་གི་སྐྱིད་སྣང་ངང་ངམ་ཤུགས་ཀྱིས་མངོན།
   “ངའི་ཁྱིམ་གྱི་བརྙན་འཕྲིན་དང་འཁྱགས་སྒམ་ལོ་ཤས་གོང་ཉོས་པ་ཡིན། 2016ལོའི་གོང་དུ་ཚང་མས་ཉི་ནུས་ལ་བརྟེན་སྟབས་གློག་ཆུ་ཚོད་རེ་གཉིས་ལས་མེད་པས་གློག་གྲོན་ཆེ་བའི་ཁྱིམ་སྤྱོད་གློག་ཆས་དེ་བས་སྤྱོད་ཐབས་བྲལ”ཞེས་ཚེ་རིང་དཔའ་མོས་བཤད།
    2016ལོའི་རྗེས་སུ་རྒྱ་སྨུག་གྲོང་ཚོར་མངའ་རིས་ཀྱི་གློག་དྲ་སྦྲེལ་མཐུད་བྱས་རྗེས་གྲོང་མིར་གློག་ཉིན་གང་སྤྱོད་རྒྱུ་བྱུང་མོད། འོན་ཀྱང་དགུན་ཁ་གློག་ཤུགས་ཁ་ཐང་བའི་དབང་གིས་གློག་རྟག་ཏུ་ཆད་ཀྱི་ཡོད། དེའི་རྒྱུ་རྐྱེན་གཙོ་བོ་ནི་མངའ་རིས་ཀྱི་གློག་དྲ་ནི་སྲོལ་རྒྱུན་གྱི་ཆུ་ཤུགས་གློག་ཁང་1དང་། འབར་སྣུམ་གློག་ཁང་3 འོད་ཤུགས་གློག་ཁང་1 གྲོང་གསེབ་ཀྱི་གློག་དྲའི་ཆུ་ཤུགས་གློག་ཁང་ཆུང་གྲས་6བཅས་ལས་གྲུབ་པའི་རང་ཚུགས་གློག་དྲ་ཞིག་ཡིན་པས་སྤྱོད་ཡུན་རིང་བའི་དབང་གིས་སྒྲིག་ཆས་རིམ་བཞིན་རྙིང་པ་ཆགས་ནས་སྐྱོན་ཡང་ཡང་ཤོར་བའི་ཁར་གློག་ཤུགས་སྤྱོད་མཁན་མང་དུ་སོང་བས་གློག་སྤྱོད་ཐེག་ཚད་རྒྱུན་མཐུད་ངང་འཕར་བས་ད་ཡོད་ཀྱི་གློག་ཤུགས་ཀྱིས་གློག་སྤྱོད་དགོས་མཁོ་སྐོང་ཐབས་བྲལ།
    གློག་སྤྱོད་དཀའ་བའི་གནད་དོན་སེལ་ནས་གྲོང་ཚོ་དང་གྲོང་རྡལ་གྱི་གློག་སྤྱོད་དགོས་མཁོ་དང་གློག་མཁོ་འདོན་གྱི“ཁ་ཚ་དགོས་གཏུགས་ཀྱི”གནད་དོན་ཕྱོགས་ཡོངས་ནས་ཐག་གཅོད་ཡག་པོ་བྱ་ཆེད། རྒྱལ་ཁབ་གློག་དྲ་མངའ་རིས་གློག་འདོན་ཀུང་སིས་གྲོང་གསེབ་ཀྱི་གློག་དྲ་སྒྱུར་བཀོད་རིམ་སྤོར་གྱི་ལས་གྲྭར་དམ་འཛིན་ནན་པོ་བྱས་ཤིང་། 2020ལོར་རྫོང་གསུམ་གྱི་དྲ་སྦྲེལ་དང་། རེས་སྐོར་གསར་པའི་གྲོང་གསེབ་ཀྱི་གློག་དྲ། གློག་དྲ་ཆེན་པོ་ཤར་གཏོང་། ཁུལ་གསུམ་དང་ཀྲོའུ་གསུམ། མངའ་རིས་དྲ་སྦྲེལ་སོགས་ལས་གྲྭ་བསྐྲུན་ནས་འཁོར་རྒྱུག་བྱས་པ་དང་སྦྲགས། མངའ་རིས་ས་ཁུལ་གྱི་གློག་དྲའི་གློག་གནོན་དམའ་བ་དང་། དྲ་སྒྲོམ་གྲུབ་ཆ་ལུགས་དང་མི་མཐུན་པ། སྒྲིག་ཆས་རྙིང་པ་ཆགས་པ་སོགས་ཀྱི་གནད་དོན་ཐག་གཅོད་ནུས་ལྡན་བྱས་པས་གློག་མཁོ་འདོན་གྱི་བློས་འགེལ་ཆོག་པའི་རང་བཞིན་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་དང་གློག་འདོན་ཞབས་ཞུའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད་པ་རེད།
    མངའ་རིས་དྲ་སྦྲེལ་ལས་གྲྭ་བསྐྲུན་ནས་འཁོར་རྒྱུག་བྱས་པ་དེས་མངའ་རིས་ཀྱི་གློག་དྲ་དང་རྒྱལ་ཡོངས་ཀྱི་གློག་དྲ་གཙོ་བོ་དྲ་སྦྲེལ་ཐུབ་ནས་མངའ་རིས་གློག་དྲ་ཡུན་རིང་དྲ་རྐྱང་འཁོར་རྒྱུག་བྱེད་པའི་ལོ་རྒྱུས་མཇུག་འགྲིལ་ནས་བོད་ཀྱི་གཅིག་གྱུར་གློག་དྲ་ཆགས་སྟབས་ལམ་རྒྱུད་ཀྱི་རྫོང་7ལ་གློག་དྲ་ཆེན་པོ་ཁྱབ་ནས་མངའ་རིས་ས་ཁུལ་གྱི་མི་འབོར་ཁྲི་12.4ཡི་གློག་མཁོ་འདོན་གྱི་གནད་དོན་ཐག་གཅོད་ཐུབ་ནས་མངའ་རིས་ས་ཁུལ་གྱི་གློག་ཁ་ཐང་བའི་གནད་དོན་རྩ་བའི་ཆ་ནས་ཐག་གཅོད་ཐུབ་པ་རེད།
    མིག་སྔར་མངའ་རིས་ས་ཁུལ་ཡོངས་ཀྱི་གློག་མཁོ་འདོན་ཐུབ་པའི་མི་འབོར་95.7%དང་གློག་དྲ་ཁྱབ་ཚད་97%ཟིན་ཡོད་ལ། ཞིང་འབྲོག་ཁུལ་གྱི་ཁྱིམ་ཚང་ཚང་མས་གོས་འཁྲུད་འཕྲུལ་ཆས་དང་འཁྱགས་སྒམ་སོགས་གློག་ཆས་སྒྲིག་ཆས་ཉོས་ནས་ཞིང་འབྲོག་མང་ཚོགས་ཀྱི་སྲོལ་རྒྱུན་གྱི་འཚོ་བ་སྐྱེལ་སྟངས་ལ་འགྱུར་ལྡོག་བྱུང་བ་དང་བདེ་སྐྱིད་གློག་དྲ་དང་འོད་ཟེར་གློག་ལམ་ལས་བྱུང་བའི་འཚོ་བ་གསར་པ་ལོངས་སུ་སྤྱོད་བཞིན་མཆིས།