འཚོལ་བཤེར།   
藏文频道
2022ལོའི་ཟླ་1ཚེས་27ཉིན།

༄༅།།ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་པད་མ་རི་གྲོང་གི་འབྱོར་འབྲིང་རྣམ་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་27ཉིན། 14:58】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་ལན་ཀྲོའུ་ནས་ཟླ་1ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ལོ་གསར་པ་འཆར་མ་ཐག་དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་པད་མ་བོད་རིགས་ཀྱི་གཉེན་སྟོན་ཞིག་ཀན་སུའུ་ཞིང་ཆེན་ལུང་ནན་གྲོང་ཁྱེར་ཝུན་རྫོང་ཐེ་ལོའུ་བོད་རིགས་ཤང་ཀྲའེ་ཁོ་ཆའོ་གྲོང་ཚོར་བཤམས། ཤོག་སྦག་གི་སྒྲས་ཁུ་སིམ་མེར་གནས་པའི་ལོ་ངོ་སྟོང་གི་གནའ་གྲོང་དེའི་དགུན་དུས་འཁྲུག་ཆ་དོད་པོར་གྱུར། ལུས་ལ་མཛེས་སྡུག་རྣམ་པར་བཀྲ་བའི་མི་རིགས་ཀྱི་གྱོན་ཆས་གྱོན་པའི་མག་པ་བསུ་སྐྱེལ་མི་ཚོགས་ཀྱིས་མག་པ་ཁྲིད་དེ་ཁྱིམ་དུ་བསྐྱོད།
     མིག་སྔར་པད་མ་བོད་རིགས་ཀན་སུའུ་དང་སི་ཁྲོན་འབྲེལ་མཚམས་སུ་གཞིས་ཆགས་པ་དང་མི་འབོར་ཁྲི་2ཙམ་ཡོད། “མ་གཞི་ནས་མེས་པོ་གཅིག་པ་ཡིན་པ་དང་ད་ཆ་དེ་བས་འབྲེལ་བ་ཟབ་ཏུ་ཕྱིན་ཡོད”ཅེས་སི་ཁྲོན་ཞིང་ཆེན་མན་དབྱང་གྲོང་ཁྱེར་ཕིང་ཝུའུ་རྫོང་ནས་ཡིན་པའི་པད་མ་བོད་རིགས་གཉེན་ཉེ་ཚོགས་པའི་ཁ་གསང་བའི་གཏམ་ལས་དེ་མུར་ཕན་ཚུན་དབར་གྱི་བརྩེ་བ་ཟབ་ཏུ་ཕྱིན། སྐུ་མགྲོན་ཚོར་རླངས་པ་འཕྱུར་འཕྱུར་གྱི་སྲོལ་རྒྱུན་ཞིམ་ཟས“ཕོར་ཆེན་བཅུ”གསོལ་ཅོག་ཐོག་བཤམས། དེའི་ནང་ཤ་རླངས་བཙོས་དང་། ཤ་སོབ། ཤ་རིལ། སྦྲང་རྩིའི་ཁ་ཏོག་སོགས་ཡོད་པ་རེད། མག་པ་ལེན་མཁན་དབུལ་སྒྲོལ་དུད་ཚང་གི་ཐན་ཧྲུན་ཆིང་གི་ངོ་གདོང་ལས་དགའ་སྤྲོའི་འཛུམ་མདངས་འཕྱུར་བཞིན་སྐུ་མགྲོན་ཚོར་ཨ་རག་བཀྱག དེ་རིང་ནི་ཁོང་གི་མི་ཚེའི་ནང་གི་བཀྲ་ཤིས་པའི་ཉིན་མོ་གལ་ཆེན་ཞིག་རེད།
     བཟའ་ཟླ་གྲོངས་རྗེས་ཐན་ཧྲུན་ཆིང་གིས་རི་ནས་སྨན་རྩྭ་བཀོག་པ་དང་གླ་པ་རྒྱུག་པ་སོགས་ལ་བརྟེན་ནས་རང་གཅིག་པུས་བུ་མོ་གསུམ་བསྐྱངས་པ་མ་ཟད་ད་དུང་སློབ་ཆེན་འགྲིམ་པར་བཏང་ཡོད། ད་ཆ་འཚོ་བ་ཡག་ཏུ་ཕྱིན་པས་རྡོག་ཁྲེས་ལྗིད་པོ་ཞིག་ཕབ་པ་ལྟ་བུ་བྱུང་ཡོད། “ང་བློ་ཡིད་ཚིམ་སོང”ཞེས་བཤད་རྗེས་ཐན་ཧྲུན་ཆིང་གིས་ཨ་རག་པེ་ཙི་གང་ཞབས་ཏག་བརྒྱབ།
     2013ལོར་ཐེ་ལོའུ་བོད་རིགས་ཤང་དུ་དབུལ་པོ་ཐོན་ཚད་30.86%ཟིན་ཡོད། དབུལ་སྒྲོལ་འགག་སྒྲོལ་གྱི་བྱ་སྤྱོད་གཏིང་ཟབ་སྤེལ་བ་དང་བསྟུན་ནས་པད་མ་བ་ཚོས་ཡངས་ཤིང་རྒྱ་ཆེ་བའི་གྲོང་ཚོ་བསྐྲུན་པ་དང་པད་མའི་དམངས་སྲོལ་རིག་གནས་ལ་བརྟེན་ཏེ་ཡུལ་སྐོར་བ་མང་པོ་བསུས་པས། གྲོང་གསེབ་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཤུགས་ཆེན་ཕྱིན་ཡོད། འོན་ཀྱང་2020ལོའི་ཟླ་8པར་ཝུན་རྫོང་དུ་ཆུ་ལོག་དང་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ཚབས་ཆེན་ཕོག་ནས་པད་མའི་ཡུལ་སྐོར་གྱི“གྲོང་ཚོ་དང་པོ”ཞེས་གྲགས་པའི་ཐེ་ལོའུ་བོད་རིགས་ཤང་ཚའོ་ཧོ་པཱ་གྲོང་ཚོར་གཏོར་སྐྱོན་ཚབས་ཆེན་ཕོག་ནས་ལོ་མང་རིང་གསར་དུ་བསྐྲུན་པའི་འགྲོ་ལམ་ཟམ་པ་དང་མཛེས་ལྗོངས་སྒྲིག་ཆས་ཚང་མ་མེད་པར་གྱུར།
     ལོ་60ལ་སླེབས་པའི་གྲོང་མི་ཡུས་པའོ་ཤིའུ་ཡིས། ངས་དྲན་གསལ་ལ་དེ་དུས་ལས་བྱེད་པ་ཞིག་གྲོང་སྡེར་གནོད་འཚེའི་གནས་ཚུལ་ལ་ལྟ་བར་སླེབས་བྱུང་། ངས“ཁྱེད་ཚོས་དཀའ་ལས་བརྒྱབ་ནས་བསྐྲུན་པའི་གཞུང་ལམ་དང་ཐང་ཆེན་ང་ཚོས་ལོངས་སྤྱོད་ལོ་ཁ་ཤས་ལས་བྱ་རྒྱུ་མ་བྱུང་བར་ཆུ་ལོག་གིས་འཁྱེར་སོང་། ཕྱིས་སུ་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་འདི་ལྟ་བུ་མཐོང་ཨེ་ཡོང་སྙམ་པའི་སེམས་ཁྲལ་འདུག”ཅེས་ཤོད་བཞིན་སེམས་སྡུག་གིས་མནར་ནས་མིག་ཆུ་དབང་མེད་དུ་ཤོར་བྱུང་། ལས་བྱེད་པ་ཁོང་གིས་འཕྲལ་མར་སེམས་གསོ་གཏོང་བཞིན་དུ“ཁྱེད་རང་སེམས་སྡུག་མ་བྱེད། ང་ཚོས་ལོ་གསུམ་ནང་ཚུན་དུ་བསྐྱར་སྐྲུན་བྱས་ནས་སྔོན་ཆད་ལས་ཡག་པ་ཞིག་ཡོང་བ་བྱ་རྒྱུ་ཡིན”ཞེས་བཤད་བྱུང་།
     ད་ཆ་ལོ་གཉིས་ཀྱང་མ་འགོར་བར་གེགས་རྗེས་བསྐྱར་སྐྲུན་བྱས་པའི་གྲོང་ཚོ་དེ་བས་མཛེས་སྡུག་ལྡན་པ་ཞིག་ཏུ་གྱུར་ཞིང་། གློག་བཞུ་ཐང་ཆེན་དུ་ཁྲིད་པ་དང་། གཙང་རྒྱུད་ཀྱི་ལྟ་ན་སྡུག་པའི་སྔོ་ལྗང་མཛེས་ལྗོངས། གང་སར་ཤར་གཏོང་ཐུབ་པའི་སྣུམ་ནག་གཞུང་ལམ་བཅས་མཐོང་རྒྱུ་ཡོད། ཡུས་པའོ་ཤིའུ་ཡིས“གུང་ཁྲན་ཏང་གི་ལས་བྱེད་པས་ཁ་གདན་ཚིག་ལ་གནས་ཀྱི་འདུག”ཅེས་བསྔགས་བརྗོད་ཡང་ཡང་བྱས། ད་ཆ་ཚའོ་ཧོ་པཱ་གྲོང་ཚོར་སྐྱོད་སྐབས་པད་མའི་འབག་གིས་མཛེས་རྒྱན་སྤྲས་པའི་སྒོ་དང་། རྡོའི་ཀ་བ། དེ་བཞིན་བྱ་སྒྲོ་དཀར་པོས་བཟོས་པའི་རྩེ་ཐོག་སོགས་གང་སར་མཐོང་རྒྱུ་ཡོད། ཚའོ་ཧོ་པཱ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་པན་ཀྲི་རུའུ་ཡིས་ཡུལ་སྐོར་བ་མང་བའི་དུས་ཚིགས་སུ་གྲོང་ཚོར་ཡུལ་སྐོར་བས་ཁེངས་ཀྱི་ཡོད་པས་ཞིང་པའི་སྤྲོ་སྐྱིད་ཁང་གི་རྩིབ་ཤ་དང་། སྔོ་ཚོད། ཨ་རག་སོགས་ཁྱད་ལྡན་ཞིམ་ཟས་འདང་ལ་མི་འདང་བྱེད་ཀྱི་ཡོད་པ་དང་ཁྱིམ་ཚང་མགྲོན་ཁང་གཅིག་ལ་ཟླ་གཅིག་གཉིས་ནང་ཡོང་འབབ་སྒོར་ཁྲི་2ཙམ་ཡོང་གི་ཡོད་ཅེས་བཤད།
     ཡུལ་ལྗོངས་མཛེས་པའི་ཁར་པད་མའི་བུ་ཕྲུག་ཚོ་ད་དུང་གྲོང་ཁྱེར་ནང་དེ་བས་ཡག་པའི་སློབ་གསོ་མྱོང་ཐུབ་ཡོད། “ཕྲུ་གུའི་སློབ་གསོ་ནི་ཨང་དང་པོ་ཡིན་པས་ངའི་བསམ་འདུན་ཆེ་ཤོས་ནི་སློབ་ཆེན་སློབ་མ་ཞིག་གསོ་སྐྱོང་བྱ་རྒྱུ་དེ་ཡིན” 2020ལོར་ཚའོ་མེ་ཧུང་གིས་རང་ཁྱིམ་གྱི་ཁྱིམ་ཚང་མགྲོན་ཁང་ས་གནས་དེ་གའི་ཡུལ་སྐོར་ཀུང་སི་ཞིག་ལ་བོགས་མར་བཏང་། རང་ཉིད་ཀྱིས་སེམས་ནུས་ཡོད་རྒུ་བཏོན་ནས་རྫོང་གྲོང་དུ་ཕྲུ་གུར་ལྟ་རྟོག་བྱས། ད་ཆ་བུ་ཕྲུག་གྲོང་ཁྱེར་དུ་བསྐྱལ་ནས་སློབ་གསོ་དེ་བས་ཡག་པ་མྱོང་ཐུབ་པ་བྱ་རྒྱུ་དེ་པད་མ་བོད་རིགས་ཕ་མ་ཚོའི་ཐུན་མོང་གི་ངོས་འཛིན་ཞིག་ཏུ་གྱུར་ཡོད། ཁོང་ཚོས་དེ་སྔ་ཆ་རྐྱེན་ཞན་པས་ཕྲུ་གུ་མང་ཆེ་བ་སློབ་གྲྭར་འགྲོ་ཐུབ་མེད། དུས་རབས་བཟང་པོ་དང་མ་འཕྲད་ཚེ་ལས་དབང་ལ་འགྱུར་ལྡོག་གཏོང་བའི་གོ་སྐབས་ཧ་ཅང་རག་ཁག་པོ་རེད་ཅེས་བཤད།
     དེ་དང་ཆབས་ཅིག པད་མ་བས་མི་རབས་རྗེས་མར་མི་རིགས་དེ་གའི་རིག་གནས་བརྒྱུད་ཁྲིད་བྱ་རྒྱུར་མཐོང་ཆེན་བྱེད་ཀྱི་ཡོད། པད་མ་བར་སྐད་མ་གཏོགས་ཡི་གེ་མེད་པས། གླུ་གཞས་གཏོང་བ་དང་དམངས་སྲོལ་བྱེད་སྒོ་སྤེལ་རྒྱུ་ནི་ཁོང་ཚོས་མི་རིགས་ཀྱི་རིག་གནས་རྒྱུན་འཛིན་བྱེད་པའི་ཐབས་ལམ་གཙོ་བོ་དེ་རེད། ཚའོ་མེ་ཧུང་གིས“ང་ཚོས་ཆུང་དུས་ནས་ཕྲུ་གུར་སྐད་དང་ལ་གླུ་ལེན་སྟངས་སློབ་པ་དང་སྲོལ་རྒྱུན་གྱི་དམངས་སྲོལ་རིག་གནས་བྱེད་སྒོར་ཞུགས་སུ་འཇུག་གི་ཡོད”ཅེས་བཤད།
     “ལྟོ་གོས་ཐད་སེམས་ཁྲལ་མེད་པ་དང་། སྡོད་མལ་ཁོར་ཡུག་མཛེས་ཤིང་ཡིད་དུ་འོང་བའི་ཁར་གྲོང་གསེབ་དར་རྒྱས་ཚ་ཚ་འུར་འུར་དུ་གཏོང་བཞིན་ཡོད་ལ་མི་རིགས་མཐུན་སྒྲིལ་དང་དར་རྒྱས་གོང་འཕེལ་བྱུང་ཡོད། འབྱོར་འབྲིང་ཕུགས་འདུན་མངོན་འགྱུར་བྱུང་བས་ལོ་གསར་པའི་ནང་པད་མའི་བུ་ཕྲུག་ཚོས་ལོ་ངོ་སྟོང་གི་གླུ་གཞས་བརྒྱུད་གཏོང་བྱས་ནས་མེས་པོར་དྲན་གསོ་ཞུ་བ་མ་ཟད། ད་དུང་མུ་མཐུད་འབད་འཐབ་བྱས་ནས་པད་མའི་རི་གྲོང་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བའི་མཛེས་སྡུག་ལྡན་པའི་རྣམ་པ་ཞིག་ཀྱང་གཏོད་བཞིན་ཡོད”ཅེས་ཐེ་ལོའུ་བོད་རིགས་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཡུས་ཧྲི་ཏུང་གིས་བཤད།