འཚོལ་བཤེར།   
藏文频道
2022ལོའི་ཟླ་1ཚེས་26ཉིན།

༄༅།།ལྐོག་རྔན་སྒོར་ཁྲི་4715བླངས་པར་ཁྲིམས་ཆད་ལོ་14བཅད། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་26ཉིན། 13:11】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ལྐོག་རྔན་སྒོར་ཁྲི་4715བླངས་པར་ཁྲིམས་ཆད་ལོ་14བཅད།
    མི་དམངས་དྲ་བའི་འཕྲིན། 2022ལོའི་ཟླ་1ཚེས་25ཉིན། ཅང་སུའུ་ཞིང་ཆེན་སུའུ་ཀྲོའུ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་དེ་སྔའི་ཀྲུའུ་ཞི་གཞོན་པ་རེན་ཧྭ་ཡིས་ལྐོག་རྔན་བླངས་པའི་གྱོད་གཞི་ཡོངས་བསྒྲགས་ངང་བཅད་ཁྲ་ཁྱབ་བསྒྲགས་བྱས་པ་དང་། ཞུ་སྦྱོར་ཕྱི་མ་རེན་ཧྭ་ཡིས་ལྐོག་རྔན་བླངས་པའི་ཉེས་པ་བསགས་ནས་དུས་བཀག་བཙོན་འཇུག་ལོ་བཅུ་བཞི་ཆད་པ་བཅད་པ་མ་ཟད། ད་དུང་དངུལ་ཆད་མི་དམངས་ཤོག་སྒོར་ཁྲི་བཞི་བརྒྱ་བཅད་པ་དང་། དེའི་ལྐོག་རྔན་བླངས་པའི་རྒྱུ་དངོས་དང་སྐྱེད་འཕེལ་བྱུང་རིགས་ཕྱིར་སློག་ཏུ་བཅུག་ནས་རྒྱལ་མཛོད་ལ་སྤྲད་ཡོད། རེན་ཧྭ་ཡིས་ཁྲིམས་རར་དཔྱད་མཚམས་དང་ལེན་དང་གོང་གཏུག་མི་བྱེད་པའི་རྣམ་འགྱུར་བསྟན་ཡོད།  
   ཞིབ་གཅོད་བྱས་ནས་རྩད་ཆོད་མཐའ་གསལ་བྱུང་བར། 2007ལོ་ནས་2020ལོའི་བར། ཞུ་སྦྱོར་ཕྱི་མ་བ་རེན་ཧྭ་ཡིས་ཀྲུང་གུང་ཝུའུ་ལུའུ་མུའུ་ཆིའི་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་དང་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་། ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་རིག་གནས་ཐིང་གི་ཏང་ཙུའུ་ཧྲུའུ་ཅི་དང་ཐིང་ཀྲང་གཞོན་པ། ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་སློབ་གསོ་ཐིང་གི་ཏང་ཙུའུ་ཧྲུའུ་ཅི་དང་། ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པ་སོགས་འགན་འཁུར་རིང་། གོ་གནས་ཐད་ཀྱི་སྟབས་བདེ་བེད་སྤྱད་ནས་འབྲེལ་ཡོད་སྡེ་ཚན་དང་མི་སྒེར་ལ་ཨར་ལས་སྒྲུབ་འགན་ལེན་པ་དང་། ཀུང་སིའི་གཉེར་སྐྱོང་། དངུལ་ཁང་གི་དངུལ་བུན་གཏོང་བ། ལས་གནས་བསྒྱུར་བ་སོགས་ཀྱི་ཐད་རོགས་རམ་བྱས་ཏེ། མི་གཞན་གྱིས་སྤྲད་པའི་རྒྱུ་ནོར་བླངས་པ་ཁྱོན་བསྡོམས་མི་དམངས་ཤོག་སྒོར་ལ་ཕབ་ན་སྒོར་ཁྲི་4715ལྷག་ཟིན་ཡོད།
   སུའུ་ཀྲོའུ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཞུ་སྦྱོར་ཕྱི་མ་བ་རེན་ཧྭ་ནི་རྒྱལ་ཁབ་ཀྱི་ལས་དོན་མི་སྣ་ཞིག་ཡིན་པའི་ཐོག་ནས། ལས་གནས་ཐོག་གི་སྟབས་བདེར་བརྟེན་ནས་མི་གཞན་ལ་ཁེ་ཕན་དོན་གཉེར་དང་ཁྲིམས་འགལ་ངང་མི་གཞན་གྱི་རྒྱུ་ནོར་བླངས་པས། དེའི་བྱ་སྤྱོད་ཀྱིས་ལྐོག་རྔན་ལེན་པའི་ཉེས་པ་བསགས་པ་ངོས་འཛིན་བྱས་ཡོད། རེན་ཧྭ་ཡིས་ལྐོག་རྔན་ཟ་ལེན་བྱས་པའི་གྲངས་འབོར་ཧ་ཅང་ཆེ་ཞིང་། ཁོང་གིས་གྱོད་གཞི་ཐོན་རྗེས་རང་ཉིད་ཀྱི་ནག་ཉེས་ཇི་བཞིན་ངོས་ལེན་ཞུས་པ་དང་། རང་འགུལ་ངང་གྱོད་གཞི་ཐག་གཅོད་ལས་ཁུངས་ཀྱི་ལག་ཏུ་འབྱོར་མེད་པའི་རྒྱུ་རྔན་ལྐོག་ཟའི་ནག་ཉེས་ཁག་གཅིག་ཡར་སྤྲད་པ་དང་། ནག་ཉེས་ངོས་ལེན་བྱས་པ། བརྐུས་ནོར་ཕྱིར་སློག་པ་བཅས་བྱས་ནས་གྱོད་གཞི་དང་འབྲེལ་བ་ཡོད་པའི་བཙོག་དངུལ་དང་དངོས་རིགས་ཚང་མ་འདེད་ལེན་བྱུང་བས།  ཁྲིམས་ཀྱིས་གཏན་འབེབས་དང་གནས་ཚུལ་ལ་གཞིགས་ནས་ཁྲིམས་ཆད་ཡང་མོ་བཅད་ཆོག་པ་དང་། ཁྲིམས་ལྟར་ཆད་པ་ཡང་མོ་བཅད་ཆོག་པ་རེད། ཁྲིམས་ཁང་གིས་གོང་གི་དཔྱད་མཚམས་བཏང་།