འཚོལ་བཤེར།   
藏文频道
2022ལོའི་ཟླ་1ཚེས་26ཉིན།

༄༅།།རང་སྡུག་རང་གིས་ཉོས་པ་རེད་བརྗོད། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་26ཉིན། 13:11】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་25ཉིན། ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས་གསར་འགོད་པའི་རྒྱུན་ལྡན་གྱི་ཚོགས་འདུ་གཙོ་སྐྱོང་བྱས་པ་རེད། 
   གསར་འགོད་པས་དྲི་བ་བཏོན་དོན། གནས་ཚུལ་སྤེལ་བར་གཞིགས་ན། ཚེས་21ཉིན་འཇར་མན་མཚོ་དམག་གི་སྤྱི་ཁྱབ་ལྟ་ཞིབ་པ་ཁའེ་-ཨ་ཞི་མུའུ·ཧྲེ་ཨེན་པ་ཧེས་རྒྱ་གར་ལ་འཚམས་འདྲི་བྱེད་རིང་གཏམ་བཤད་སྤེལ་ནས། རང་ཉིད་ནི་ཐལ་ཆེ་བའི་རོ་མའི་གནམ་བདག་ཆོས་པ་ཞིག་ཡིན་པས་ཀྲུང་གོ་དགྲ་བོར་བརྩི་བཞིན་ཡོད་ཅིང་། མཉམ་འབྲེལ་ཐོག་ཀྲུང་གོ་བཀག་སྡོམ་བྱ་རྒྱུ་འབོད་སྐུལ་བྱས་འདུག   ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས་པ་རེད།    
   ཀྲའོ་ལི་ཅན་གྱིས“ཁོང་གིས་སྤེལ་བའི་གཏམ་བཤད་ནི་དཔེ་མཚོན་གྱི་ཆོས་ལུགས་ཐལ་སྐྱོད་ཀྱི་གཏམ་བཤད་ཅིག་རེད། ཞི་བདེ་དང་འཕེལ་རྒྱས་ནི་དུས་རབས་ཀྱི་རླབས་རྒྱུན་གཙོ་བོ་ཡིན་པའི་ཁྲོད། མངོན་སུམ་འཛེམ་མེད་ངང་ཆོས་ལུགས་ལ་བརྟེན་ནས་དཔུང་ཁག་དབྱེ་བ་དང་། འཁོན་འཛིན་དང་དགྲ་འཛིན་གྱི་བསམ་བློར་ངན་སྐུལ་བྱེད་པའི་གཏམ་སྤྱོད་ནི་ལོ་རྒྱུས་ཀྱི་ཁ་ཕྱོགས་དང་ལྡོག་ནས་བསྐྱོད་པ་རེད། དེ་ནི་ཁུངས་ལུང་གཏན་ནས་མེད་པ་ཞིག་ཡིན་པ་མ་ཟད། ད་དུང་ཉེན་ཁ་ཧ་ཅང་ཆེན་པོ་ཡོད་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒོལ་གཏམ་མཐའ་གཅིག་ཏུ་གཏོང་དགོས་ངེས་རེད།  ཁོང་ལ་བཙན་གྱིས་ལས་ཁུར་དགོངས་ཞུ་བྱེད་དུ་བཅུག་འདུག  དེ་ནི་ཁོས་རང་སྡུག་རང་གིས་ཉོས་པ་རེད”ཅེས་བཤད། 
   ཀྲའོ་ལི་ཅན་གྱིས་ཀྲུང་གོ་དང་འཇར་མན་ནི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླ་ཞིག་རེད། འཇར་མན་སྲིད་གཞུང་གསར་པ་བཙུགས་པ་ནས་བཟུང་། ཀྲུང་གོ་དང་འཇར་མན་གྱི་འགོ་ཁྲིད་པའི་བར་སྤེལ་རེས་དམ་ཟབ་བྱས་ནས། ཚད་མཐོའི་འཐབ་ཇུས་ཐོག་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ཁ་ཕྱོགས་ཆེན་པོ་སྟངས་འཛིན་མཐའ་འཁྱོངས་དང་། དངོས་སྒྲུབ་ཀྱི་རྣམ་འགྱུར་ཐོག་ནས་རྒྱལ་ཁབ་གཉིས་པོའི་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་གཏོང་རྒྱུའི་ངོས་འཛིན་གཅིག་མཐུན་བྱུང་ཡོད། ཕྱོགས་གཉིས་པོས་2022ལོར་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་ནས་ལོ་50འཁོར་བར་རྟེན་འབྲེལ་ཞུ་བའི་གོ་སྐབས་དང་བསྟུན་ནས། འབྲེལ་གཏུག་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། གཉིས་ཁེ་གཉིས་ཕན་རྒྱ་ཆེར་གཏོང་བ། ལག་གདང་སྦྲེལ་ནས་འགྲན་སློང་ལ་ཁ་གཏད་གཅོག་པ་བཅས་བྱས་ཏེ། གོ་ལ་ཧྲིལ་པོ་བཅོས་སྐྱོང་བྱ་ཆེད་ལེགས་སྐྱེས་འབུལ་རྒྱུའི་གྲོས་ཐག་བཅད་པ་རེད།