འཚོལ་བཤེར།   
藏文频道
2022ལོའི་ཟླ་1ཚེས་26ཉིན།

༄༅།།དུས་རབས་21པར་དམག་དོན་སྲིད་འགྱུར་དང་ལེན་བྱ་ཐབས་མེད་བརྗོད། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་26ཉིན། 12:54】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་25ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུ་ཐེ་ལེ་སི་ཡིས་པོ་ཁི་ན་ཧྥ་སོ་རུ་ཉིན་ཤས་གོང་བྱུང་བའི་དམག་དོན་སྲིད་འགྱུར་ཐད་ལ་སླར་ཡང་ལྟ་སྟངས་བསྟན་ནས་དམག་དོན་སྲིད་འགྱུར་དེ་དུས་རབས་21པར་“དང་ལེན་བྱེད་ཐབས་མེད་པ་ཞིག་རེད་”ཅེས་ནན་བཤད་གནང་བ་རེད།
   ཀུ་ཐེ་ལེ་སིས་ཉིན་དེར་ཉིའུ་གཡོད་དུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་རུ་སྨྱན་སྦྱོར་ལ་ཁོང་གིས་པོ་ཁི་ན་ཧྥ་སོ་རུ་བྱུང་བའི་དམག་དོན་སྲིད་འགྱུར་ལ་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད་པ་ཅེས་བཤད། དམག་དཔུང་གི་ནུས་པ་ནི་རྒྱལ་ཁབ་དང་མི་དམངས་སྲུང་སྐྱོབ་བྱ་རྒྱུ་དེ་ཡིན་པ་ལས་སྲིད་གཞུང་ལ་རྒོལ་བ་དང་དབང་ཆའི་ཆེད་དུ་དམག་འཛིང་བྱ་རྒྱུ་དེ་མིན། དམག་དོན་སྲིད་འགྱུར་དེ་དུས་རབས་21པར་དང་ལེན་བྱེད་ཐབས་མེད་པ་ཞིག་རེད་ཅེས་བརྗོད། 
   ཀུ་ཐེ་ལེ་སི་ཡིས་ཨ་ཧྥེ་རི་ཁ་ནུབ་རྒྱུད་ས་ཁུལ་དུ་གནས་པའི་འཇིགས་སྐུལ་རྩ་འཛུགས་ཀྱིས་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་ལ་འཇིགས་སྐུལ་བཟོས་ཡོད་པས། ས་ཁུལ་དེའི་རྒྱལ་ཁབ་ཀྱི་དམག་དཔུང་གིས་དེའི་ཆེད་ལས་ཀྱི་ནུས་པ་འདོན་འགན་ཁུར་ནས་རྒྱལ་ཁབ་སྲུང་སྐྱོང་དང་དམངས་གཙོའི་ལམ་ལུགས་བསྐྱར་འཛུགས་བྱེད་དགོས་བརྗོད། 
   ཚེས་24ཉིན་ཕོ་ཁི་ན་ཧྥ་སོ་ཡི་སྲིད་འགྱུར་དམག་མིས་རྒྱལ་ཁབ་བརྙན་འཕྲིན་ལས་ཁུངས་སུ་གཏམ་བཤད་སྤེལ་ནས། དམག་ཕྱོགས་ཀྱིས་སྲིད་དབང་འཕྲོག་ལེན་བྱས་པ་མ་ཟད། ཙུང་ཐུང་ཁ་པོ་ལེ་ཡི་གོ་གནས་མེད་པར་བཟོས་ཡོད་ཅེས་བཤད་པ་རེད། ཀུ་ཐེ་ལེ་སིས་ཉིན་དེར་མགྲིན་ཚབ་པ་བརྒྱུད་གསལ་བསྒྲགས་བསྟན་ཏེ། “དྲག་ཤུགས་གང་རུང་ལ་བརྟེན་ནས་སྲིད་གཞུང་རྩིས་ལེན་བདག་སྤྲོད་བྱེད་རིགས”ལ་རྒོལ་གཏམ་དྲག་པོ་བཏང་ནས། སྲིད་འགྱུར་དམག་མིས་ཁ་པོ་ལེའི་མི་ལུས་བདེ་འཇགས་དང་སྲིད་གཞུང་སྒྲིག་གཞིའི་འཐུས་ཚང་རང་བཞིན་ལ་འགན་ལེན་བྱ་དགོས་པ་དང་། ཕྱོགས་ཁག་ནས་བཟོད་སྒོམ་བྱེད་པ་དང་འབྲེལ་གང་མགྱོགས་སྐད་ཆ་ཤོད་རེས་བྱ་་དགོས་པའི་སྐུལ་འདེབས་ཡང་བཏང་བ་རེད།