འཚོལ་བཤེར།   
藏文频道
2022ལོའི་ཟླ་1ཚེས་26ཉིན།

༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གིས།《“ལོ་ལྔ་ཚན་བཅུ་བཞི་པའི”ནུས་རྒྱུ་བསྲི་ཚགས་དང་བཙོག་འབུད་ཉུང་
གཏོང་གི་ཕྱོགས་བསྡུས་ལས་དོན་ཇུས་གཞི》བཀྲམ་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་26ཉིན། 10:13】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《“ལོ་ལྔ་ཚན་བཅུ་བཞི་པའི”ནུས་རྒྱུ་བསྲི་ཚགས་དང་བཙོག་འབུད་ཉུང་གཏོང་གི་ཕྱོགས་བསྡུས་ལས་དོན་ཇུས་གཞི》(གཤམ་དུ《ཇུས་གཞི》ཞེས་བསྡུ་རྒྱུ)བཀྲམ་པ་རེད།
   《ཇུས་གཞིའི》ནང་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་སྐབས་རིམ་བྱུང་གི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་འཐུས་ཚང་དང་། ཡང་དག ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་བཀོད་པ་གསར་པ་བསྐྲུན་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ནུས་རྒྱུ་འཛད་སྤྱོད་བྱེད་ཤུགས་དང་བསྡོམས་འབོར་གཉིས་ཚོད་འཛིན་དང་སྦགས་བཙོག་དངོས་པོ་གཙོ་བོ་ཕྱིར་འབུད་བྱེད་འབོར་ཚོད་འཛིན་བྱེད་པའི་ལམ་ལུགས་འཐུས་ཚང་ངང་ལག་བསྟར་བྱེད་པ། ནུས་རྒྱུ་བསྲི་ཚགས་དང་བཙོག་འབུད་ཉུང་གཏོང་གི་གཙོ་གནད་ལས་གྲྭ་སྒྲིག་འཛུགས་ལག་བསྟར་བྱེད་པ། ནུས་རྒྱུ་བསྲི་ཚགས་དང་བཙོག་འབུད་ཉུང་གཏོང་གི་སྲིད་ཇུས་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ། ནུས་རྒྱུ་བེད་སྤྱོད་ཀྱི་ལས་ཕྱོད་འབོར་ཚད་ཆེན་པོས་མཐོ་རུ་དང་སྦགས་བཙོག་དངོས་པོ་གཙོ་བོ་ཕྱིར་འབུད་བྱེད་འབོར་རྒྱུན་མཐུད་ཉུང་དུ་འགྲོ་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས་ནུས་རྒྱུ་བསྲི་ཚགས་དང་། ཐཱན་ཉུང་། བཙོག་འབུད་ཉུང་གཏོང་བཅས་དང་མཉམ་དུ་ཕན་ནུས་འཕར་བ་དང་སྐྱེ་ཁམས་ཁོར་ཡུག་སྤུས་ཚད་རྒྱུན་མཐུད་ལེགས་སུ་འགྲོ་བར་བྱས་ཐོག“ལོ་ལྔ་ཚན་བཅུ་བཞི་པའི”ནུས་རྒྱུ་བསྲི་ཚགས་དང་བཙོག་འབུད་ཉུང་གཏོང་གི་དམིགས་ཚད་ལེགས་གྲུབ་ཐུབ་པའི་འགན་ལེན་བྱས་ནས་ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམ་སྦྱོར་གྱི་དམིགས་ཚད་མངོན་འགྱུར་བྱ་ཆེད་རྨང་གཞི་བརྟན་པོ་འདིང་དགོས།
   《ཇུས་གཞིའི》ནང་ཁ་གསལ་བཟོས་དོན། 2025ལོར་སླེབས་སྐབས་རྒྱལ་ཡོངས་ཀྱི་ཚན་པའི་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་ནུས་རྒྱུ་ཟད་གྲོན་བྱེད་ཚད་2020ལོ་ལས་13.5%ཆག་རྒྱུ་དང་། ནུས་རྒྱུ་འཛད་སྤྱོད་ཀྱི་བསྡོམས་འབོར་ལུགས་མཐུན་ངང་ཚོད་འཛིན་ཐུབ་པ། རྫས་འགྱུར་ལ་མཁོ་བའི་གསོ་རླུང་དང་། ཨན་དང་ཏན། ཏན་དབྱང་འགྱུར་རྫས། ཡལ་བའི་རང་བཞིན་གྱི་སྐྱེ་ལྡན་དངོས་རྫས་བཅས་ཀྱི་ཕྱིར་འབུད་བྱེད་འབོར་2020ལོ་ལས་8%དང་། 8% 10%ཡན་བཅས་དང་དེ་བཞིན་10%ཡན་སོ་སོར་ཟིན་པ་བྱེད་དགོས་པ་དང་།
    ནུས་རྒྱུ་བསྲི་ཚགས་དང་བཙོག་འབུད་ཉུང་གཏོང་གི་སྲིད་ཇུས་ལམ་སྲོལ་དེ་བས་འཐུས་སྒོ་ཚང་དུ་བཏང་ནས་གཙོ་གནད་ལས་རིགས་ཀྱི་ནུས་རྒྱུ་བེད་སྤྱོད་ཀྱི་ལས་ཕྱོད་དང་སྦགས་བཙོག་གཙོ་བོའི་དངོས་རྫས་ཕྱིར་འབུད་ཚོད་འཛིན་གྱི་ཆུ་ཚད་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་དུ་གཞི་རྩའི་ཆ་ནས་སླེབས་པ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལྗང་མདོག་ཕྱོགས་སྒྱུར་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པར་བྱེད་དགོས།
   《ཇུས་གཞིའི》ནང་གཙོ་གནད་ལས་གྲྭ་ཆེན་པོ་བཅུ་བཀོད་སྒྲིག་བྱས་པར་གཙོ་གནད་ལས་རིགས་ཀྱི་ལྗང་མདོག་རིམ་སྤོར་ལས་གྲྭ་དང་། གླིང་ཁུལ་གྱི་ནུས་རྒྱུ་བསྲི་ཚགས་དང་ཁོར་ཡུག་སྲུང་སྐྱོང་རིམ་སྤོར་ལས་གྲྭ གྲོང་ཁྱེར་དང་གྲོང་རྡལ་གྱི་ལྗང་མདོག་ནུས་རྒྱུ་བསྲི་ཚགས་དང་སྒྱུར་བཀོད་ལས་གྲྭ འགྲིམ་འགྲུལ་ཟོག་འགྲེམས་ཀྱི་ནུས་རྒྱུ་བསྲི་ཚགས་དང་བཙོག་འབུད་ཉུང་གཏོང་ལས་གྲྭ ཞིང་ལས་དང་གྲོང་གསེབ་ཀྱི་ནུས་རྒྱུ་བསྲི་ཚགས་དང་བཙོག་འབུད་ཉུང་གཏོང་ལས་གྲྭ སྤྱི་པའི་སྒྲིག་གཞིའི་ནུས་ཕྱོད་རིམ་སྤོར་ལས་གྲྭ གཙོ་གནད་ས་ཁོངས་ཀྱི་སྦགས་བཙོག་དངོས་པོ་ཕྱིར་འབུད་ཉུང་གཏོང་ལས་གྲྭ གཙང་ལ་ནུས་ཆེའི་སྒོ་ནས་རྡོ་སོལ་བེད་སྤྱོད་བྱེད་པའི་ལས་གྲྭ ཡལ་བའི་རང་བཞིན་གྱི་སྐྱེ་ལྡན་དངོས་རྫས་ཕྱོགས་བསྡུས་བཅོས་སྐྱོང་ལས་གྲྭ ཁོར་ཡུག་གི་རྨང་གཞིའི་སྒྲིག་བཀོད་ཆུ་ཚད་རིམ་སྤོར་ལས་གྲྭ་བཅས་ཚུད་ཅིང་། ཞིབ་ཕྲའི་དམིགས་ཚད་ལས་འགན་གསལ་པོ་བཟོས་པ་རེད།
    《ཇུས་གཞིའི》ནང་ཕྱོགས་བརྒྱད་ཐད་ནས་སྲིད་ཇུས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་བ་སྟེ། གཅིག་ནས་ནུས་རྒྱུའི་ཚོད་འཛིན་གཉིས་ཀྱི་ལམ་ལུགས་ལེགས་སུ་དང་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། གཉིས་ནས་སྦགས་བཙོག་དངོས་པོ་ཕྱིར་འབུད་བྱེད་འབོར་ཚོད་འཛིན་བྱེད་པའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས་པ། གསུམ་ནས་ནུས་རྒྱུ་ཟད་གྲོན་ཆེ་བ་དང་ཕྱིར་འབུད་མང་བའི་རྣམ་གྲངས་རྨོངས་ཚོད་ངང་འཕེལ་རྒྱས་གཏོང་རྒྱུ་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས་པ། བཞི་ནས་ཁྲིམས་སྲོལ་གྱི་ཚད་གཞི་འཐུས་སྒོ་ཚང་དུ་གཏོང་དགོས་པ། ལྔ་ནས་དཔལ་འབྱོར་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་དགོས་པ། དྲུག་ནས་ཁྲོམ་ར་ཅན་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས་པ། བདུན་ནས་བསྡོམས་རྩིས་ལྟ་ཞིབ་ཚད་ལེན་གྱི་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་པ། བརྒྱད་ནས་ནུས་རྒྱུ་བསྲི་ཚགས་དང་བཙོག་འབུད་ཉུང་གཏོང་གི་ཤེས་ལྡན་པའི་དཔུང་ཁག་སྟོབས་ཆེར་གཏོང་དགོས་པ་བཅས་རེད།