འཚོལ་བཤེར།   
藏文频道
2022ལོའི་ཟླ་1ཚེས་26ཉིན།

༄༅།།དཔྱིད་གསར་དུས་ཆེན་གྱི་ལྡོག་རྩིས་དུས་ཚོད་ཤར་བས་ཕ་ཡུལ་དུ་ལོག་སྐབས་རིམས་འགོག་གི་དྲན་
སྐུལ་འདི་དག་བློ་ལ་བརྟན་པོར་ངེས་དགོས།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་26ཉིན། 10:13】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཞུས་ཕུང་ཧང་དང་སུང་ཁྲེན།
    མིག་སྔར། རང་རྒྱལ་དུ་ཡུལ་དེ་གའི་གཏན་འཁེལ་ནད་དཔེ་མངོན་གསལ་དོད་པོས་ཉུང་དུ་ཕྱིན་ཡོད་མོད། འོན་ཀྱང་ཉེ་དུས་ས་ཁུལ་ཁག་གཅིག་ལ་འདུ་འཛོམས་བྱས་ནས་འགོས་པའི་ཡུལ་དེ་གའི་ནད་དཔེའི་སྙན་ཞུ་བསྟུད་མར་ཐོན་གྱི་ཡོད་པ་དང་རིམས་ནད་མཆེད་པ་དང་ཕྱི་ནས་འགོ་བའི་ཉེན་ཁ་སྔར་བཞིན་གནས་ཡོད། དཔྱིད་གསར་དུས་ཆེན་འཆར་ཉེར་ཡོད་པས་ཕ་ཡུལ་དུ་ལོག་པའི་ལམ་བར་དུ་རིམས་འགོག་ཐད་དོ་སྣང་བྱེད་དགོས་པའི་གནད་དོན་གང་དག་ཡོད་པ་དང་དཔྱིད་གསར་དུས་ཆེན་རིང་གཉེན་ཉེ་དང་གྲོགས་པོ་གྲོགས་མོར་འཚམས་འདྲི་དང་། ཁྱིམ་ཚང་གི་འདུ་འཛོམས་སྐབས་དོ་སྣང་བྱེད་དགོས་པ་གང་དག་ཡོད་པའི་ཐད་རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་སྡོམ་ལམ་སྲོལ་གྱི་འབྲེལ་ཡོད་རིགས་གཅིག་མཁས་ཅན་གྱིས་ལན་བཏབ་པ་རེད།
   ཐོན་ས་དང་སྐྱོད་ཡུལ་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་སྲིད་ཇུས་གསར་ཤོས་སྔོན་ཚུད་ནས་ཤེས་རྟོགས་བྱེད་དགོས་པ།
   གསར་འགོད་པས་བཅར་འདྲི་བྱེད་སྐབས་ཤེས་རྟོགས་བྱས་པར་གཞིགས་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དུད་སྣེའི་སྐད་འཕྲིན་གྱི་བྱ་རིམ་ཆུང་ངུའི་ནང་ས་གནས་ཁག་གི་རིམས་ནད་སྔོན་འགོག་དང་ཚོད་འཛིན་སྲིད་ཇུས་ཀྱི་འདྲི་རྩད་ཞབས་ཞུ་བཀོད་སྒྲིག་བྱས་ཡོད་པས། སྤྱོད་མཁན་གྱིས་ཐོན་ས་དང་སྐྱོད་ཡུལ་བདམས་ནས་ས་གནས་ཁག་གི་ས་ཆ་དེ་གར་འབྱོར་བ་དང་དེ་ནས་ཁ་འབྲལ་བའི་སྲིད་ཇུས་འདྲི་རྩད་བྱེད་ཆོག་གི་ཡོད།
   མེ་འཁོར་བསྡད་དེ་འགྲོ་སྐྱོད་བྱེད་མཁན་འགྲུལ་པར། རྒྱལ་ཁབ་ལྕགས་ལམ་ཚོགས་པའི་འགྲུལ་སྐྱེལ་པུའི་ཀྲུའུ་རེན་གཞོན་པ་ཀྲུའུ་ཝུན་ཀྲུང་གིས་ངོ་སྤྲོད་བྱས་པར། ལྕགས་ལམ་གྱི་12306ལག་ཐོགས་ཁ་པར་གྱི་དུད་སྣེ་ནས་སྤ་སེ་ཉོས་ཚེ་ཐོན་ས་དང་སྐྱོད་ཡུལ་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་སྲིད་ཇུས་དུས་ཐོག་ཏུ་འདྲི་རྩད་བྱེད་ཆོག་པ་དང་ཆབས་ཅིག ཐོ་འགོད་མཁན་ལ་འགྲོ་སྐྱོད་ཀྱི་དྲན་སྐུལ་དང་། མེ་འཁོར་འཁོར་སྐྱོད་འགྱུར་ལྡོག་གི་བརྡ་ཐོ། མེ་འཁོར་སྡོད་པའི་གློག་རྡུལ་གྱི་གནས་སྐབས་ཐོབ་ཐང་ངོ་སྤྲོད་སོགས་ཞབས་ཞུ་སྣ་ཚོགས་ཀྱང་མཁོ་འདོན་བྱེད་ཀྱི་ཡོད་པ་རེད།
   རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་སྡོམ་ལམ་སྲོལ་གྱི་འབྲེལ་ཡོད་རིགས་གཅིག་མཁས་ཅན་གྱིས་འགྲུལ་པར་འགྲོ་སྐྱོད་འཆར་འགོད་ལུགས་མཐུན་བྱས་ཏེ་ཐོན་ས་དང་སྐྱོད་ཡུལ་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་སྲིད་ཇུས་གསར་ཤོས་སྔོན་ཚུད་ནས་ཤེས་རྟོགས་བྱེད་དགོས་པའི་དྲན་སྐུལ་བྱས་པ་རེད།
   ཁ་རས་རྒྱག་པ་དང་ལག་པ་ཡང་ཡང་བཀྲུས་ཏེ་བདེ་ཐང་ངང་ཕ་ཡུལ་དུ་ལོག་དགོས་པ།
   ཀྲུའུ་ཝུན་ཀྲུང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ལྕགས་ལམ་ལ་འགྲུལ་བཞུད་ཀྱི་བརྒྱུད་རིམ་ཧྲིལ་པོར་གློག་རྡུལ་ཅན་དང་རང་འགུལ་ཅན་གྱི་ཆ་རྐྱེན་ལྡན་ཡོད། རྒྱ་ཆེའི་འགྲུལ་པས་དྲ་སྦྲེལ་དང་། ལག་ཐོགས་ཁ་པར་གྱི་དུད་སྣེ། རང་འདེམས་སྤ་སེ་ཉོ་སའི་དུད་སྣེ་སོགས་ཐུག་རེག་མེད་པའི་བྱེད་ཐབས་སྤྱོད་གང་ཐུབ་བྱས་ནས་རིམས་ནད་མཆེད་པའི་ཉེན་ཁ་ཆུང་དུ་གཏོང་དགོས་པའི་གྲོས་འགོ་བཏོན་པ་རེད།
   ཤེས་རྟོགས་བྱུང་བར་གཞིགས་ན། ལྕགས་ལམ་སྡེ་ཚན་གྱིས་དྲ་ཐོག་ནས་སྤ་སེ་འཚོང་བ་དང་སྤ་སེའི་དུས་ཚོད་བསྒྱུར་བའི་ལས་སྒོ་གཉེར་བའི་དུས་ཚོད་ནར་འགྱངས་བྱས་ནས་ཆུ་ཚོད་24སྤ་སེ་ཕྱིར་སློག་པའི་ཞབས་ཞུ་མཁོ་འདོན་བྱེད་པ་དང་ཆབས་ཅིག སྤ་སེ་ཕྱིར་སློག་པའི་འགྲོ་ལུགས་གཉེར་བའི་སྒྲིག་སྲོལ་ལེགས་སྒྲིག་བྱས་ནས་འགྲུལ་པས་འགྲོ་སྐྱོད་འཆར་གཞི་བབ་བསྟུན་ངང་ལེགས་སྒྲིག་བྱེད་པར་སྟབས་བདེ་བསྐྲུན་ཡོད་པ་རེད།
   གནམ་གྲུར་བསྡད་དེ་འགྲོ་སྐྱོད་བྱེད་མཁན་འགྲུལ་པར། དམངས་སྤྱོད་མཁའ་འགྲུལ་ཅུས་འཕུར་སྐྱོད་ཚད་ལྡན་སིའི་སི་ཀྲང་ཧན་ཀོང་ཙུའུ་ཡིས་བརྒྱུད་རིམ་ཧྲིལ་པོར་ཁ་རས་རྒྱག་པ་དང་། གནམ་གྲུའི་ཐོག་སྡོད་ས་མི་བརྗེ་བ། དགོས་མེད་ཀྱི་འགྲོ་སྐྱོད་མི་བྱེད་པ། གསང་སྤྱོད་གོ་རིམ་ལྡན་པའི་ངང་སྤྱོད་དགོས་པ་བཅས་ཀྱི་དྲན་སྐུལ་བྱས་པ་རེད།
   འགྲིམ་འགྲུལ་སྐྱེལ་འདྲེན་པུའི་འཕྲལ་སྡོམ་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་ཀྲོའུ་ཤིང་གིས་སྒེར་འཁོར་བཏང་ནས་འགྲོ་སྐྱོད་བྱེད་མཁན་འགྲུལ་པར་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཞིབ་བཤེར་ལ་གཞོགས་འདེགས་བྱེད་དགོས་པ་དང་། མྱུར་བགྲོད་གཞུང་ལམ་གྱི་ཞབས་ཞུ་ཁུལ་སོགས་ས་ཚིགས་སུ་ཁ་འགོག་སྐབས་རྩ་གཉིས་ཨང་རྟགས་བཤེར་བ་དང་། ཐོ་འགོད་པ། ཚ་བ་ལྟ་བ་སོགས་ཀྱི་གཏན་འབེབས་ཁག་ལ་བརྩི་སྲུང་ཞུས་ནས་ཁ་རས་ཡག་པོ་རྒྱག་པ་དང་། བདེ་འཇགས་ཀྱི་བར་ཐག་འཇོག་པ། མི་སྒེར་གྱི་འགོག་སྲུང་ལ་ཤུགས་སྣོན་རྒྱག་པ། ས་ཆ་གཅིག་ཏུ་སྡོད་པའི་དུས་ཚོད་ཐུང་དུ་གཏོང་བ་བཅས་བྱེད་དགོས་པའི་དྲན་སྐུལ་བྱས་པ་རེད།
   རྒྱས་སྤྲོས་རྒྱས་གཤོམ་མ་བྱས་པར་ངལ་གསོའི་རིང་མི་སྒེར་གྱི་འགོག་སྲུང་ལ་ལྷོད་གཡེང་གཏོང་མི་རུང་བ།
   དཔྱིད་གསར་དུས་ཆེན་རིང་། ས་ཁུལ་མི་ཉུང་བ་ཞིག་ཏུ་གཉེན་ཉེ་དང་གྲོགས་པོ་གྲོགས་མོར་འཚམས་འདྲིར་སྐྱོད་པ་དང་གསོལ་སྟོན་གཤོམ་པའི་གོམས་སྲོལ་ཡོད་པ་རེད། ཉེ་དུས་ས་གནས་ཁག་གིས་གཅིག་རྗེས་གཉིས་མཐུད་ངང་སྲིད་ཇུས་བཏོན་ནས་མང་ཚོགས་ལ་ངལ་གསོའི་རིང་མི་སྒེར་གྱི་འགོག་སྲུང་ལས་དོན་ཡག་པོ་སྒྲུབ་དགོས་པའི་དྲན་སྐུལ་བྱས་པ་རེད།
   ཉེ་ཆར་པེ་ཅིང་དཔལ་འབྱོར་གསར་སྤེལ་ཁུལ་གྱི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་བཀོད་འདོམས་པུས་བརྡ་ཐོ་བཏང་ནས་ཁྱིམ་ཚང་གི་འདུ་འཛོམས་སོགས་མི་10ཡི་ནང་ཚུན་དུ་ཚོད་འཛིན་བྱས་ནས་ལོ་གསར་གྱི་ཁ་ལག་ཁྱིམ་ཚང་སོ་སོར་ཟ་གང་ཐུབ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
   ཧྲེན་ཀྲེན་གྲོང་ཁྱེར་གྱིས་ཀྱང་བརྡ་ཐོ་བཏང་ནས་གྲོང་ཁྱེར་ཡོངས་ཀྱི་སྤྱི་པའི་འདུ་གནས་སྣ་ཚོགས་སུ་ཚ་བ་ལྟ་བ་དང་། རྩ་གཉིས་ཨང་རྟགས་སྟོན་པ། ཁ་རས་རྒྱག་པ་སོགས་ཀྱི་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་དོན་འཁྱོལ་ནན་པོ་བྱས་ནས་མཛེས་ལྗོངས་ཁུལ་དང་། བཟའ་བཏུང་ཚན་པ། ཁང་པའི་ནང་གི་སྤྱི་པའི་འདུ་གནས་བཅས་སུ་ཚད་བཀག་བཟོ་བ་དང་། ཁ་ཆད་བྱེད་པ། ཚང་གཡོལ་བཅས་བྱེད་དགོས་པའི་བླང་བྱ་དོན་འཁྱོལ་བྱས་ཏེ་འཛད་སྤྱོད་པའི་མི་གྲངས་གཤོང་ཚད་མང་ཤོས་ཀྱི་50%ལས་བརྒལ་མི་ཆོག་པ་དང་འབྲེལ་དུས་གཅིག་ཏུ་འགྲོ་སྐྱོད་བྱེད་ཚད་ཚོད་འཛིན་ནན་པོ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
    ཞིང་ལས་དང་གྲོང་གསེབ་པུའི་གྲོང་གསེབ་མཉམ་ལས་དཔལ་འབྱོར་མཛུབ་ཁྲིད་སིའི་སི་ཀྲང་གཞོན་པ་མའོ་ཏེ་ཀྲི་ཡིས་ཡུལ་བབ་དང་བསྟུན་ཏེ་གོམས་སྲོལ་སྒྱུར་བ་ལས་རྒྱས་སྤྲོས་རྒྱས་གཤོམ་བྱེད་མི་རུང་བ་དང་། ཁྱིམ་ཚང་གི་འདུ་འཛོམས་དང་གསོལ་སྟོན་གཤོམ་རྒྱུ་དེ་ས་གནས་དེ་གའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བླང་བྱར་ནན་པོར་གཞིགས་ཏེ་མི་ཉུང་དུ་གཏོང་བ་དང་མི་མང་པོ་འདུ་འཛོམས་བྱེད་མི་རུང་བའི་དྲན་སྐུལ་བྱས་པ་རེད།