འཚོལ་བཤེར།   
藏文频道
2022ལོའི་ཟླ་1ཚེས་25ཉིན།

༄༅།།དབྱི་སི་རལ་དང་ཀྲུང་གོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་30སོང་རིང་ཁྱབ་ཁོངས་ཁག་གི་མཉམ་ལས་ལ“འཕེལ་རྒྱས་དངོས”བྱུང་བ།

—— ཀྲུང་གོར་བཅའ་སྡོད་དབྱི་སི་རལ་གྱི་གཞུང་ཚབ་ཆེ་མོ་བ་ཕན་ཆི་རུའེ་ལ་བཅར་འདྲི་ཞུས་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་25ཉིན། 16:23】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     “འདས་ཟིན་པའི་ལོ་30ལ་ཕྱིར་མིག་ལྟ་སྐབས། ངས་དབྱི་ཀྲུང་རྒྱལ་ཁབ་གཉིས་ཀྱི་དངོས་སྒྲུབ་མཉམ་ལས་ལ་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་དང་དཔལ་འབྱོར་ཚོང་དོན་འགྲོ་འོང་ཡིན་ནའང་འདྲ་ཡང་ན་མི་ཆོས་རིག་གནས་ཡིན་ནའང་འདྲ་གང་ལྟར་ཚང་མར་འཕེལ་རྒྱས་དངོས་བྱུང་བ་དགའ་མགུ་ཡི་རང་བྱུང”ཞེས་ཀྲུང་གོར་བཅའ་སྡོད་དབྱི་སི་རལ་གྱི་གཞུང་ཚབ་ཆེ་མོ་བ་ཕན་ཆི་རུའེ་ཡིས་ཉིན་ཤས་གོང་པེ་ཅིང་དུ་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་དེ་ལྟར་བརྗོད།
     འདི་ལོ་ནི་ཀྲུང་དབྱི་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་བཙུགས་ནས་ལོ་30འཁོར་བའི་ལོ་ཞིག་རེད། ཀྲུང་གོ་ཕྱོགས་ཀྱི་གྲངས་གཞིར་གཞིགས་ན། ཕྱོགས་གཉིས་པོའི་ཚོང་དོན་དངུལ་འབོར་1992ལོར་ཕྱི་འབྲེལ་འཛུགས་སྐབས་ཀྱི་ཨ་སྒོར་ཁྲི་5000ཙམ་ནས་2021ལོའི་ཨ་སྒོར་དུང་ཕྱུར་228བར་འཕར་བ་དང་། 2017ལོར་རྒྱལ་ཁབ་གཉིས་པོས་ཕྱོགས་ཡོངས་ཀྱི་རོགས་ཟླའི་འབྲེལ་བ་བཙུགས་པ་དང་གསར་གཏོད་བྱེད་པའི་ཁྱབ་བསྒྲགས་བྱས་ནས་ཕྱོགས་གཉིས་པོའི་འབྲེལ་བ་དེ་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར་སླེབས་རྒྱུར་སྐུལ་འདེད་བཏང་ཡོད། དེ་དང་ཆབས་ཅིག་རྒྱལ་ཁབ་གཉིས་པོའི་དགེ་སློབ་ཀྱི་སྤེལ་རེས་དང་རིག་གཞུང་སྤེལ་རེས་ཉིན་བཞིན་ཟབ་ཏུ་ཕྱིན་པ་དང་ཕྱོགས་གཉིས་པོའི་རིག་གནས་སྒྱུ་རྩལ་གྱི་བྱེད་སྒོ་ཕུན་སུམ་ཚོགས་སུ་ཕྱིན་ཡོད།
     ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་གཉིས་པོས་མཉམ་ལས་བྱས་ནས་དབྱི་སི་རལ་གྱི་ཧའེ་ཧྥ་ཤིན་གྲུ་ཁ་དང་། ཀྲུང་དབྱིའི་ཁྲང་ཀྲོའུ་གསར་གཏོད་གླིང་། ཧྲང་ཧའེ་གསར་གཏོད་གླིང་སོགས་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་བཏོད་པ་དང་། གསར་གཏོད་དེ་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་བཀྲག་མདངས་འཚེར་ས་ཞིག་ཏུ་གྱུར་ཡོད།
     “ཕྱོགས་ཡོངས་ཀྱི་རོགས་ཟླའི་འབྲེལ་བ་གསར་གཏོད་བྱེད་པའི་སྒྲོམ་གཞིའི་འོག་དབྱི་ཀྲུང་རྒྱལ་ཁབ་གཉིས་པོའི་ཚན་རྩལ་མཉམ་ལས་དེ་ཚོང་དོན་དང་། སྨན་བཅོས། ཞིང་ལས། སློབ་གསོ། ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་ཁྱབ་ཁོངས་སུ་ཁྱབ་ནས་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། མཐོ་གསར་ལག་རྩལ་སྤྱད་དེ་ཞིང་ལས་ཀྱི་ཐོན་འབབ་མཐོ་རུ་གཏོང་བ་དང་། ཆུའི་ཐོན་ཁུངས་སྤྱོད་ཚད་མཐོ་རུ་གཏོང་བ། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་སོགས་ཀྱི་ཐད་དབྱི་སི་རལ་གྱིས་ཉམས་མྱོང་ངེས་ཅན་བསགས་ཡོད་ལ་ང་ཚོས་ཀྱང་འབྲེལ་ཡོད་ལག་རྩལ་ཀྲུང་གོར་ནང་འདྲེན་བྱེད་བཞིན་ཡོད། སླད་ཕྱིན་རྒྱལ་ཁབ་གཉིས་པོས་ཚན་རྩལ་འཕེལ་རྒྱས་ཐད་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་ཚན་རྩལ་ལ་བརྟེན་ནས་མི་རྣམས་ལ་དེ་བས་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་རྒྱུ་ཡོང་བའི་རེ་བ་བྱེད་ཀྱི་ཡོད”ཅེས་ཕན་ཆི་རུའེ་ཡིས་བརྗོད།
     ཕན་ཆི་རུའེ་ཡིས་1994ལོ་ནས་1996ལོ་བར་ཀྲུང་གོར་བཅའ་སྡོད་དབྱི་སི་རལ་གཞུང་ཚབ་ཆེ་མོ་ཁང་གི་གཞུང་ཚབ་པའི་འགན་འཁུར་མྱོང་ཡོད། ཁོང་གིས་བཅར་འདྲི་དང་ལེན་བྱེད་སྐབས་ཀྲུང་གོར་འཕེལ་རྒྱས་མྱུར་པོ་ཕྱིན་པ་དེས་རང་ཉིད་ལ་བག་ཆགས་ཟབ་མོ་བྱུང་ཞེས་ཐེངས་མང་བརྗོད། “ལོ་20ལྷག་ཙམ་གོང་ང་ཀྲུང་གོར་ཡོང་མྱོང་ཡོད། ད་ཆ་ཀྲུང་གོའི་མཚོ་རྒྱུད་ས་ཁུལ་ཙམ་མ་ཟད། སྐམ་སའི་དབུས་ཁུལ་ལམ་ཡང་ན་ཐག་རིང་གི་གྲོང་ཁྱེར་མང་པོར་ཡང་དེང་རབས་ཅན་གྱི་འགྲོ་ལམ་དང་། ཟམ་པ། ཕུག་ལམ་སོགས་རྨང་གཞིའི་སྒྲིག་བཀོད་ཡོད་པས་མི་རྣམས་འགྲོ་འོང་བྱེད་པར་སྟབས་ཧ་ཅང་བདེ་རུ་ཕྱིན་ཡོད”ཅེས་ཕན་ཆི་རུའེ་ཡིས་བརྗོད་པ་དང་། ཁོང་གིས“དབྱི་སི་རལ་ཡང་གསར་གཏོད་སྙིང་སྟོབས་ཀྱིས་ཕྱུག་པའི་རྒྱལ་ཁབ་ཅིག་རེད། དབྱི་ཀྲུང་རྒྱལ་ཁབ་གཉིས་པོས་མུ་མཐུད་མཉམ་ལས་དང་ཕན་ཚུན་སློབ་སྦྱོང་བྱེད་རྒྱུར་རང་ཉིད་ལ་རེ་བ་ཆེན་པོ་ཡོད”ཅེས་བརྗོད།
     མཇུག་ཏུ་ཕན་ཆི་རུའེ་ཡིས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཐུགས་གྲ་ལེགས་འགྲིག་ཡོང་བ་དང་། ཀྲུང་གོ་མི་དམངས་དཔྱིད་གསར་དུས་ཆེན་སྤྲོ་པོ་ཡོང་བའི་སྨོན་འདུན་ཞུས་པ་རེད།