འཚོལ་བཤེར།   
藏文频道
2022ལོའི་ཟླ་1ཚེས་25ཉིན།

༄༅།།མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེས་འཛམ་གླིང་གི་དུས་བབ་ཐད་ཉེན་བརྡའི་གནད་དོན་ཁག་ཆེ་གྲས་ལྔ་བཏོན་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་25ཉིན། 16:18】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་མཉམ་འབྲེལ་རྒྱལ་ཚོགས་ནས་གློག་འཕྲིན་འབྱོར་གསལ། ཚེས་21ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུའུ་ཐེ་ལེ་སིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་2022ལོའི་ལས་དོན་གྱི་གཙོ་གནད་བརྡ་ཁྱབ་གཏོང་སྐབས་འཛམ་གླིང་གི་དུས་བབ་ཐད་ཉེན་བརྡའི་གནད་དོན་ཆེ་གྲས་ཁག་ལྔ་བཏོན་པ་སྟེ། ཏོག་གསར་གློ་ཚད་རིམས་ནད་དང་། གོ་ལ་ཧྲིལ་པོའི་དངུལ་རྩའི་བཅོས་སྒྲིག་མ་ལག་མི་གདང་བ། གནམ་གཤིས་ཀྱི་ཉམས་ཉེན། ལག་རྩལ་གསར་པ་གང་བྱུང་དུ་སྤྱོད་པ། དྲག་ཆས་གདོང་ཐུག་བཅས་ཡིན་པ་རེད།
     ཁོང་གིས་འཛམ་གླིང་ལ“རིམ་པ་མཐོ་ཤོས་ཀྱི་མེ་སྐྱོན་ཉེན་བརྡ”འཕྲད་ཡོད། གོ་ལ་ཧྲིལ་པོའི་ཏོག་གསར་གློ་ཚད་རིམས་ནད་ལ་གཏན་འཁེལ་མེད་པའི་རང་བཞིན་འཕྲད་པ་དང་། འདྲ་མཉམ་མེད་པའི་རྣམ་པ་ཛ་དྲག་ཏུ་འགྲོ་བ། དངུལ་ལོར་འགྲེམས་ཐལ་ཤོར་ཚབས་ཆེ་རུ་འགྲོ་བ། གནམ་གཤིས་ཀྱི་ཉེན་ཁ་དང་། ཁོར་ཡུག་སྦགས་བཙོག སྐྱེ་དངོས་སྣ་མང་རང་བཞིན་བཅས་ཇེ་སྡུག་ཏུ་འགྲོ་བ། ཆབ་སྲིད་ཀྱི་ཟང་ཟིང་དང་དམག་དོན་གྱི་གདོང་ཐུག་ཐོན་མང་བ། རྒྱལ་ཁ་ཆེ་མོའི་དབར་ཡིད་ཆེས་མི་བྱེད་པའི་རྣམ་པ་ཛ་དྲག་ཏུ་འགྲོ་བ། འཁོན་འཛིན་དང་རྫུན་གཏམ་ཁྲོད་ཆ་འཕྲིན་མྱུར་བགྲོད་མི་ཐུབ་པ་བཅས་ཡོད་ལུགས་བསྟན་ཡོད།
     ཀུའུ་ཐེ་ལེ་སིས་ཉེན་བརྡའི་གནད་དོན་ཆེ་གྲས་ཁག་ལྔ་དེ་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ཕམ་ཉེས་དང་འབྲེལ་བ་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད། ཁོང་གིས་ཏོག་གསར་གློ་ཚད་རིམས་འགོག་སྨན་ཁབ་བགོ་བཤའ་དོ་སྙོམས་ངང་བརྒྱབ་མ་ཐུབ་པ་ལས་ཐོན་པའི་གནོད་འཚེ་དང་། ད་ཡོད་གོ་ལ་ཧྲིལ་པོའི་དངུལ་རྩའི་བཅོས་སྒྲིག་མ་ལག་སྒྱུར་བཅོས་ཀྱི་གལ་ཆེའི་རང་བཞིན། གནམ་གཤིས་ཀྱི་ཉམས་ཉེན་ལ་ཁ་གཏད་གཅོག་པའི་དགོས་གཏུགས་རང་བཞིན། མི་རྩ་བར་འཛིན་པའི་ལག་རྩལ་གསར་པ་སྤྱོད་པའི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་འཛུགས་པའི་དགོས་ངེས་རང་བཞིན་བཅས་དང་དེ་བཞིན་དྲག་ཆས་གདོང་ཐུག་མེད་པར་བཟོ་བ་དང་ཞི་བདེ་བསྐྲུན་པའི་དགོས་ངེས་རང་བཞིན་བཅས་ཐད་ནན་བཤད་བྱས་ཡོད།
     ཀུའུ་ཐེ་ལེ་སིས་ཇི་ལྟར་བྱས་ནས་ཉེན་བརྡའི་གནད་དོན་ཆེ་གྲས་ཁག་ལྔར་ཁ་གཏད་བཅག་སྟེ་འབྱུང་འགྱུར་གྱི་ལོ་བཅུ་ཡི་མིའི་རིགས་འཕེལ་རྒྱས་ཀྱི་ཁ་ཕྱོགས་གཏན་འཁེལ་བྱེད་པར་འཛམ་གླིང་གིས་ངེས་པར་དུ“ཛ་དྲག་གི་རྣམ་པ”སྤྱོད་པ་དང་རྒྱལ་ཁབ་ཚང་མས་བྱ་སྤྱོད་གང་ལེགས་སྤེལ་ཏེ་དེ་མེད་པ་བཟོ་དགོས་ཞེས་བརྗོད་པ་རེད།