འཚོལ་བཤེར།   
藏文频道
2022ལོའི་ཟླ་1ཚེས་25ཉིན།

༄༅།།ཚའེ་ཨོ་ཧྲེང་ཏང་གི་སྐྱིད་སྡུག་ནས་ཕུད།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་25ཉིན། 15:41】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་ཀྲུང་གུང་ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་བརྒྱུད། ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་དེ་སྔའི་ཀྲུང་གོའི་དངུལ་ཁང་ལས་རིགས་ལྟ་སྐུལ་དོ་དམ་ཨུ་ལྷན་གྱི་ཏང་ཨུའི་ཨུ་ཡོན་དང་ཀྲུའུ་ཞི་གཞོན་པ་ཚའེ་ཨོ་ཧྲེང་གིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་གནད་དོན་ལ་གྱོད་ཐོ་བཀོད་ནས་ཞིབ་བཤེར་དང་བརྟག་དཔྱད་བྱས་པ་རེད། 
     ཞིབ་བཤེར་བྱས་པ་བརྒྱུད། ཚའེ་ཨོ་ཧྲེང་གིས་ཐོག་མའི་བསམ་འདུན་དང་འགན་འཁྲི་རྒྱབ་ཏུ་བསྐྱུར་ནས་ཕུགས་བསམ་དང་དད་སེམས་ཤོར་བ་དང་། ཏང་ལ་བློ་དཀར་སེམས་དཀར་མིན་པ། དངུལ་རྩའི་ལྟ་སྐུལ་དོ་དམ་གྱི་དབང་ཆ་གང་བྱུང་དུ་སྤྱད་ནས་དངུལ་རྩའི་ཁྲོམ་རའི་སྒྲིག་ལམ་ཚབས་ཆེན་དཀྲུག་པ། དངུལ་རྩའི་ཁྱབ་ཁོངས་ཀྱི་ཆབ་སྲིད་སྣོད་བཅུད་ལ་སྦགས་བཙོག་ཚབས་ཆེན་བཟོས་པ། རྩ་འཛུགས་ཀྱི་ཞིབ་བཤེར་ལ་ཁ་གཏད་གཅོག་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སྣང་མེད་དུ་བཞག་ནས་བག་མེད་ཆུད་ཟོས་དང་། སྒྲིག་འགལ་ངང་ལག་རྟགས་དང་སྐྱེས་དངུལ་བླངས་པ། དྲང་གཞག་ངང་གཞུང་དོན་སྒྲུབ་པར་ཤུགས་རྐྱེན་ཐེབས་སྲིད་པའི་གསོལ་སྟོན་དང་། ཡུལ་སྐོར་སོགས་ཀྱི་བྱེད་སྒོའི་བཀོད་སྒྲིག་དང་ལེན་བྱས་ཏེ་སྒྲིག་འགལ་ངང་སྒེར་གྱི་འདུ་གནས་སུ་ཐེངས་མང་བསྐྱོད་པ། རྩ་འཛུགས་ཀྱི་འདུ་ཤེས་ཞན་པ་དང་གཏན་འབེབས་ལྟར་མི་སྒེར་གྱི་འབྲེལ་ཡོད་དོན་དག་སྙན་སེང་མི་ཞུ་བ། ངོ་ཚ་ཁྲེལ་མེད་དང་། འགན་འཁྲི་ཡང་དག་མི་སྒྲུབ་པ་དང་སྲིད་འཛིན་ཆོག་འཐུས་དོན་ཚན་ལ་སྒྲིག་འགལ་ངང་ཐེ་ཇུས་བྱེད་པ། མིག་ལམ་དུ་སྒྲིག་ཁྲིམས་མེད་པར་ལས་གནས་ཀྱི་སྟབས་བདེ་དང་དབང་ཤུགས་ལ་བརྟེན་ནས་མི་གཞན་ལ་དངུལ་རྩའི་དངུལ་བུན་དང་རྣམ་གྲངས་འགན་ལེན། གོ་གནས་སྤར་བ་སོགས་ཀྱི་ཐད་ཁེ་ཕན་དོན་གཉེར་བྱེད་པ་དང་འབྲེལ་ཁྲིམས་འགལ་ངང་རྒྱུ་ནོར་འབོར་ཆེན་བླངས་པ་རེད།
     ཚའེ་ཨོ་ཧྲེང་ཏང་གིས་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་། རྩ་འཛུགས་ཀྱི་སྒྲིག་ཁྲིམས། སྤྱོད་གཙང་གི་སྒྲིག་ཁྲིམས། ལས་ཀའི་སྒྲིག་ཁྲིམས། འཚོ་བའི་སྒྲིག་ཁྲིམས་བཅས་ལས་ཚབས་ཆེན་འགལ་ནས་ལས་གནས་ཐོག་ཁྲིམས་འགལ་ཚབས་ཆེན་བྱས་ཉེས་གྲུབ་པ་མ་ཚད་ལྐོག་རྔན་ལེན་པའི་ཉེས་གསོག་གི་དོགས་གཞིའང་ཡོད་པ་མ་ཟད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་རྗེས་སུ་རང་ཚོད་མི་བཟུང་བ་དང་མཚམས་མི་བཞག་པ། ངོ་བོ་ཚབས་ཆེ་བ་དང་ཤུགས་རྐྱེན་ངན་པ་བཟོས་པས་ཐག་གཅོད་ནན་པོ་བྱེད་དགོས། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》དང་།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟ་ཞིབ་བཅའ་ཁྲིམས》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལས་མི་སྣའི་སྲིད་དོན་ཆད་གཅོད་བཅའ་ཁྲིམས》སོགས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཀྲུང་དབྱང་སྒྲིག་ཨུ་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་ཐོག་ཞིབ་འཇུག་བྱས་པ་དང་འབྲེལ་ཀྲུང་གུང་ཀྲུང་དབྱང་ལ་ཆོག་མཆན་ཞུས་རྗེས་ཚའེ་ཨོ་ཧྲེང་ལ་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་རྒྱུ་དང་། གཏན་འབེབས་ལྟར་ལོངས་སྤྱོད་བྱ་རྒྱུའི་ཐོབ་ཐང་མེད་པར་བཟོ་རྒྱུ། དེའི་ཁྲིམས་འགལ་ལུགས་དཀྲུག་གི་ཐོབ་ཆ་རྩིས་ལེན་བྱ་རྒྱུ། དེའི་ཉེས་གསོག་དོགས་གནད་ཡོད་པའི་གནད་དོན་རྣམས་ཞིབ་དཔྱོད་ལས་ཁུངས་ལ་ཁྲིམས་ལྟར་ཞིབ་བཤེར་དང་ཁྲིམས་སྦྱོར་བྱ་རྒྱུར་སྐྱེལ་སྤྲོད་བྱ་རྒྱུ་དང་། དེ་དང་འབྲེལ་བ་ཡོད་པའི་རྒྱུ་ནོར་མཉམ་དུ་སྐྱེལ་སྤྲོད་བྱ་རྒྱུ་བཅས་ཐག་བཅད་པ་རེད།