འཚོལ་བཤེར།   
藏文频道
2022ལོའི་ཟླ་1ཚེས་25ཉིན།

༄༅།།བ་སོ་ལྐོག་འདྲེན་གྱི་འཕེལ་ཕྱོགས་བཀག་འགོག་ཐུབ་པ། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་25ཉིན། 15:36】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཚེས་24ཉིན་འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡི་ཧྲུའུ་ཀྲང་ཉི་ཡུའེ་ཧྥུང་གིས་མཐོ་གནོན་རྡུང་རྡེག་ནན་པོ་བཏང་བར་བརྟེན། བ་སོ་ལྐོག་འདྲེན་བྱེད་པའི་སྨྱོ་ཧམ་ཆེ་རུ་འགྲོ་བའི་རྣམ་པ་བཀག་འགོག་ནུས་ལྡན་ཐུབ་ནས་བ་སོ་ལྐོག་འདྲེན་བྱེད་ཚད་2019ལོའི་ཏུན་9.2ནས་2021ལོའི་སྤྱི་རྒྱ་68བར་ཆག་ཡོད་ཅེས་བཤད་པ་རེད། 
     ཉི་ཡུའེ་ཧྥུང་གིས་ཉིན་དེར་འཚོགས་པའི་2022ལོའི་རྒྱལ་ཡོངས་ཀྱི་འགག་སྒོའི་ལས་དོན་ཚོགས་འདུའི་ཐོག་ཀྲུང་དབྱང་གིས་དོ་ཁུར་དང་། སྤྱི་ཚོགས་ཀྱིས་དོ་སྣང་། མང་ཚོགས་ཀྱིས་སེམས་ཁུར་བཅས་བྱེད་པའི་ཕྱི་རྒྱལ་གྱི་གད་སྙིགས་དང་། སྟོངས་ལ་ཉེ་བའི་དངོས་རིགས་དང་དེའི་ཐོན་རྫས། འཁྱགས་ཟོག བཅོས་སྣུམ། དུག་རྫས་སོགས་ལྐོག་འདྲེན་གནད་དོན་ལ་དམིགས་ཏེ་འགག་སྒོས་ཐོག་མཐའ་བར་གསུམ་དུ་མཐོ་གནོན་རྡུང་རྡེག་གི་རྣམ་པ་རྒྱུན་འཁྱོངས་བྱས་ནས་2021ལོའི་ལོ་ཧྲིལ་པོར་ལྐོག་འདྲེན་ཉེས་གསོག་གྱོད་གཞི་4259གྱོད་དོན་ཐོ་འགོད་ཀྱིས་མྱུལ་ཞིབ་བྱས་པ་དང་། ལྐོག་འདྲེན་བྱ་སྤྱོད་ལ་བརྟག་དཔྱད་བྱེད་པའི་གྱོད་གཞི་23294ཐོ་འགོད་བྱས་པ། སྒྲིག་འགལ་དང་ཁྲིམས་འགལ་གྱི་གྱོད་གཞི་གཞན་དག་52542ཐོ་འགོད་བརྟག་དཔྱད་བྱས་ཡོད། 
     བ་སོ་ལྐོག་འདྲེན་བྱེད་ཚད་ཆེས་ཆེར་ཆག་པ་དང་འདྲ་སྟེ།  ཕྱི་རྒྱལ་གྱི་གད་སྙིགས་ལྐོག་འདྲེན་ལ་རྡུང་རྡེག་གཏོང་བར་འདས་ཟིན་པའི་ལོ་གཅིག་ནང་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། གྲངས་གཞི་ལས་མངོན་པར། 2021ལོར་འགག་སྒོ་ལས་ཁུངས་ཀྱིས་ཕྱི་རྒྱལ་གྱི་གད་སྙིགས་ཏུན་ཁྲི་4.2ལྐོག་འདྲེན་བྱས་པ་དེ་ལོ་སྔོན་མའི་དུས་མཚུངས་ལས་97.4%ཆག་པ་དང་། ལོ་ལྟར་ཞིབ་བཤེར་བཀག་ཉར་བྱས་པའི་ཕྱི་རྒྱལ་གྱི་གད་སྙིགས་ཏུན་ཁྲི་42.2ཕྱིར་འདྲེན་བྱས་པ་དང་མཉམ་འབྲེལ་རྒྱལ་ཚོགས་ཁོར་ཡུག་ཧྲུའུ་ཡི“ཨེ་ཤ་ཡའི་ཁོར་ཡུག་ཁྲིམས་འཛིན་བྱ་དགའ”ཐོབ་ཐེངས་བཞི་པ་ཡིན། 
ལྐོག་འདྲེན་པའི་ལྐོག་ཚོང་ལ་རྡུང་རྡེག་བཏང་བའི་ཐད། བསྡོམས་རྩིས་ལས་མངོན་པར་གཞིགས་ན། 2021ལོར་འགག་སྒོས་ཚོགས་པར་རྡུང་རྡེག་དང་། ལྐོག་ཇུས་འདོན་མཁན་རྩད་གཅོད། གྱོད་གཞི་ཆེ་གྲས་རྩད་ཞིབ་ཐུབ་པ་བཅས་བྱས་ནས་ལྐོག་འདྲེན་ཉེས་གསོག་གྱོད་གཞི་806མྱུལ་ཞིབ་བྱས་པ་དང་གྱོད་འབྲེལ་དངུལ་སྒོར་དུང་ཕྱུར་234.9ཟིན་ནས་ལྐོག་འདྲེན་ཚོགས་པ་375མེད་པ་བཟོས་པས། ལྐོག་འདྲེན་པའི་ལྐོག་ཚོང་བཀག་འགོག་ནུས་ལྡན་ཐུབ་ཡོད་པ་རེད། 
     དུས་མཚུངས་སུ། ཧའེ་ནན་གྱི་གླིང་བྲལ་ཁྲལ་སེལ“ཚབ་ཉོའི”ལྐོག་ཚོང་ལ་རྡུང་རྡེག་གཏོང་བའི་ཐད་འགག་སྒོ་ལས་ཁུངས་ཀྱིས་གླིང་ཕྲན་ཕྱི་རོལ་གྱི་ཕྱོགས་གཉིས་ཀྱི་ནུས་པ་འདོན་པ་སྟེ་ཆུང་ཡུའེ་ཀུའེ་ས་ཁུལ་གསུམ་མཉམ་འགུལ་ངང་རྡུང་རྡེག་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་ལྐོག་འདྲེན་ཉེས་གསོག་གྱོད་གཞི་127མྱུལ་ཞིབ་བྱས་ནས་ལྐོག་ཚོང་གི་ཚོགས་པ་114མེད་པར་བཟོས་པ་དང་། གླིང་བྲལ་ཁྲལ་སེལ་ཚོང་ཟོག་གི“ཚོང་ཟོག་རེར་རྩ་གཉིས་བཤེར་རྟགས་རེའི”ཁུངས་འདེད་དོ་དམ་མ་ལག་འཛུགས་རྒྱུར་སྐུལ་འདེད་བཏང་ནས་བརྒྱུད་འཚོང་ལ་ནུས་ལྡན་ངང་འགོག་ཟོན་བྱས་པ་རེད།