འཚོལ་བཤེར།   
藏文频道
2022ལོའི་ཟླ་1ཚེས་25ཉིན།

༄༅།།ཨ་རི་དང་ལྗར་པན་གྱི་འགོ་ཁྲིད་ཀྱིས་ཀྲུང་གོའི་སྐོར་གླེང་བའི་ཐད། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་25ཉིན། 13:48】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   མི་དམངས་དྲ་བའི་འཕྲིན། “ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པའི་གཞུང་དོན་ཁང”གིས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་1ཚེས་24ཉིན་ཕྱི་འབྲེལ་པུའི་གསར་འགོད་པའི་རྒྱུན་ལྡན་ཚོགས་འདུའི་ཐོག་ཧྥ་རན་སེ་གསར་འགྱུར་ཁང་གི་གསར་འགོད་པས་དྲིས་དོན། གཟའ་འཁོར་སྔོན་མའི་གཟའ་པ་སངས་ཉིན་ཨ་རིའི་ཙུང་ཐུང་པེ་ཏེན་དང་ལྗར་པན་གྱི་དབུ་བཞུགས་བློན་ཆེན་ཨན་ཐེན་ཝུན་ཞུང་གཉིས་བརྙན་ལམ་ཐོག་ཐུག་འཕྲད་བྱེད་རིང་། ཕྱོགས་གཉིས་པོས་ཀྲུང་གོར་བཀག་འགོག་གི་བྱ་ཐབས་སྤྱོད་རྒྱུར་མོས་མཐུན་བྱས་པ་དང་། ཀྲུང་གོ་ཕྱོགས་ཀྱིས་ཁྱིམ་མཚེས་རྒྱལ་ཁབ་ལ“འཇིགས་སྐུལ”བཏང་བའི་བྱ་སྤྱོད་ལ་དོ་ཁུར་བྱས་ཡོད་ཟེར་བའི་ཐད་དུ་ཀྲུང་གོ་ཕྱོགས་ཀྱིས་ལན་གང་འདྲ་ཞིག་འདེབས་རྩིས་ཡོད་དམ།    
   ཀྲའོ་ལི་ཅན་གྱིས། ཨ་རི་དང་ལྗར་པན་གྱི་འགོ་ཁྲིད་ཀྱི་གྲོས་མོལ་སྐབས་ཀྲུང་གོ་དང་འབྲེལ་བ་ཡོད་པའི་གྲོས་གཞི་ཚང་མ་སྔ་གཏམ་བསྐྱར་ཟློས་ཙམ་ཞིག་རེད། ཁོ་ཚོས་ཀྲུང་གོར་བསྐྱར་དུ་དོན་མེད་སྐྱོན་འཛུགས་བྱས་པ་དང་། ཀྲུང་གོའི་ནང་སྲིད་ལ་བཙན་ཤེད་ཀྱིས་ཐེ་ཇུས་བྱས་པ་དེ། རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་དང་ཚབས་ཆེན་འགལ་ཡོད། དེའི་ཐད་དུ་ཀྲུང་གོ་ཕྱོགས་ཧ་ཅང་མི་འཐད་པ་དང་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་པས།  རྒྱལ་ཁབ་གཉིས་པོར་དྲང་ནན་གྱི་ཕྱི་འབྲེལ་འབྲེལ་གཏུག་བྱས་ཟིན་ཞེས་བརྗོད། 
   ཐའེ་ཝན་དང་། ཤིན་ཅང་། ཤང་ཀང་བཅས་ཀྱི་ལས་དོན་ནི་ཀྲུང་གོའི་ནང་སྲིད་ཁོ་ན་ཡིན་པས། རྒྱལ་ཁབ་གང་ཞིག་གམ་ཡང་ན་ཕྱི་ཕྱོགས་སྟོབས་ཤུགས་གང་ཞིག་གིས་ཀྱང་ཐེ་ཇུས་བྱེད་མི་ཆོག་ལ། མི་སུ་ཞིག་གིས་ཀྱང་རྫུན་གཏམ་དང་ཕྱོགས་རིས་ཀྱི་ཐོག་ནས་ཀྲུང་གོ་ཕྱོགས་ལ་རང་སྣང་གང་ཤར་གྱིས་དམའ་འབེབས་གཏོང་མི་ཆོག ཏེའོ་ཡུས་གླིང་ཕྲན་དང་དེའི་ཁོངས་གཏོགས་གླིང་ཕྲན་ནི་གནའ་སྔ་མོ་ནས་བཟུང་ཀྲུང་གོའི་སྔར་ཡོད་མངའ་ཁོངས་ཡིན། ཨ་རི་དང་ལྗར་པན་གྱིས་དོན་མེད་ངང་སྐད་རྒྱག་པ་དང་ངལ་བ་འབྲས་མེད་བྱས་ཀྱང་། ཏེའོ་ཡུས་གླིང་ཕྲན་ནི་ཀྲུང་གོར་དབང་བའི་ཕྱི་རོལ་ཡུལ་གྱི་དོན་དངོས་ལ་འགྱུར་ལྡོག་གཏོང་མི་ཐུབ། མི་སུ་ཞིག་གིས་ཀྱང་ཀྲུང་གོའི་མི་དམངས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོབ་བྱེད་པའི་ཆོད་སེམས་བརྟན་པོ་དང་། བློ་རྩ་བརྟན་པོ། ནུས་པ་ཆེན་པོ་བཅས་ལ་སྣང་ཆུང་བྱེད་མི་རུང་། རྒྱ་མཚོ་དང་འབྲེལ་བའི་གནད་དོན་ཐད་ཨ་རི་དང་ལྗར་པན་གྱིས་རྩོད་གཞི་སློང་བ་དང་དཀྲུག་ཤིང་རྒྱག་མཚམས་འཇོག་དགོས། 
   ངས་ནན་བཤད་བྱ་རྒྱུ་ཞིག་ནི་ཨ་རི་དང་ལྗར་པན་གྱིས་འཇམ་འཐབ་ཀྱི་བསམ་བློ་མཁྲེགས་བཟུང་བྱས་ནས། འདུ་ཤེས་འཛིན་སྟངས་ཁ་གཏད་དུ་ལངས་པ་དང་རྒྱལ་ཁབ་བར་འགྲན་རྒོལ་བྱ་རྒྱུའི་ངན་སྐུལ་བྱེད་པ་དང་། དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ཞེས་པར་ཁ་གཡར་ནས་རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཆབ་སྲིད་ཐོག་ནས་ངན་སྐུལ་བྱེད་པ། སྒྲིག་སྲོལ་ཟེར་བའི་དར་ཆ་འཕྱར་ནས་རྒྱལ་ཁབ་གཞན་ལ་བཙན་དབང་དང་བཙན་ཤེད་བྱ་རྒྱུའི་ངན་སྐུལ་བྱེད་ཀྱི་ཡོད། དེ་ནི་འཛམ་གླིང་དང་ས་ཁུལ་གྱིས་ཞི་བདེ་དོན་གཉེར་དང་། མཉམ་ལས་དོན་གཉེར། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་འཕེལ་ཕྱོགས་དང་རྦད་དེ་རྒྱབ་འགལ་དུ་སོང་བ་ཞིག་ཡིན་པས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གསལ་པོར་མཐོང་གི་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨ་རི་དང་ལྗར་པན་ལ་དུས་རབས་ཀྱི་འཕེལ་ཕྱོགས་དང་བསྟུན་ནས། བསྡོམས་སྟོངས་འཐབ་འགྲན་དང་རང་ཉེས་གཞན་འགེལ་གྱི་སྲིད་ཇུས་གུ་དོག་པོ་འདོར་བ་དང་། སྐད་ཆ་ཤོད་རེས་དང་མཉམ་ལས་བྱེད་པའི་དགེ་མཚན་ལྡན་པའི་སྲོལ་ལམ་ཐོག་ཕྱིར་ལོག་རྒྱུའི་སྐུལ་མ་གཏོང་རྒྱུ་ཡིན།