འཚོལ་བཤེར།   
藏文频道
2022ལོའི་ཟླ་1ཚེས་25ཉིན།

༄༅།།མེང་ཤང་ཏང་གི་སྐྱིད་སྡུག་དང་ལས་གནས་ནས་ཕུད་འདུག 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་25ཉིན། 13:46】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་། ཀྲུང་གུང་ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་བརྒྱུད། ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འདྲི་གཅོད་ཨུ་ལྷན་གྱི་དེ་སྔའི་ཨུ་ཡོན་དང་ལག་བསྟར་ཅུས་ཀྱི་དེ་སྔའི་ཅུས་ཀྲང་མོང་ཤང་གིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་གནད་དོན་ལ་གྱོད་དོན་ཐོ་འགོད་ཀྱིས་ཞིབ་བཤེར་དང་བརྟག་དཔྱད་བྱས་པ་རེད།
   ཞིབ་བཤེར་བྱས་པ་བརྒྱུད། མེང་ཤང་གིས་ཐོག་མའི་བསམ་འདུན་དང་ལས་འགན་རྒྱབ་ཏུ་བསྐྱུར་ནས་ཕུགས་བསམ་དང་དད་སེམས་ཤོར་བ་དང་། ཏང་ལ་བློ་དཀར་སེམས་དཀར་མིན་པ་དང་། དྲང་པོ་མིན་པ། བསམ་ངན་ཁོག་བཅུག་གིས་རྩ་འཛུགས་ཀྱི་ཞིབ་བཤེར་ལ་ཁ་གཏད་འཇལ་བ། རྨོངས་དད་ཀྱི་བྱེད་སྒོ་སྤེལ་བ་བཅས་བྱས་པ་དང་།  ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་ཏེ་སྒྲིག་འགལ་ངང་ལག་རྟགས་དང་སྐྱེལ་དངུལ་བླངས་པ་དང་། དྲང་གཞག་ངང་གཞུང་དོན་སྒྲུབ་པར་ཤུགས་རྐྱེན་ཐེབས་སྲིད་པའི་གསོལ་སྟོན་ཡུན་རིང་དང་ལེན་བྱས་པ། གཏན་འབེབས་ལྟར་སྒེར་གྱི་འབྲེལ་ཡོད་དོན་དག་སྙན་སེང་མི་ཞུ་བ། སྒྲིག་འགལ་ངང་ཁེ་གཉེར་གྱི་བྱེད་སྒོ་སྤེལ་བ་དང་དམངས་ཁྲོད་ཀྱི་དངུལ་བུན་གཡར་ནས་གྲངས་འབོར་ཆེ་བའི་ཐོབ་ཆ་རག་པ། ཁྲིམས་བསྟར་ཁྲིམས་འགལ་བྱས་པ་དང་། ལས་བྱེད་པ་འདེམས་སྒྲུག་བསྐོ་སྤྱོད་དང་ཁྲིམས་འཛིན་བྱེད་སྒོར་སྒྲིག་འགལ་གྱིས་ཐེ་ཇུས་བྱས་པ། འཚོ་བ་རུལ་སུངས་སུ་འགྱུར་བ། དབང་དངུལ་བརྗེ་འཚོང་ཤུགས་ཆེན་བྱས་པ་དང་། ལས་གནས་ཀྱི་གོ་བབ་དང་བསྟུན་ནས་མི་གཞན་ལ་གྱོད་གཞི་འདྲི་གཅོད་ལག་བསྟར་དང་ལས་གྲྭའི་རྣམ་གྲངས་སྒྲུབ་འགན་ལེན་པ་སོགས་ཀྱི་ཐད་ཁེ་ཕན་གཉེར་བ་མ་ཟད། ཁྲིམས་འགལ་གྱིས་རྒྱུ་ནོར་འབོར་ཆེན་ཡང་བླངས་ཡོད་པ་རེད། 
   མེང་ཤང་གིས་ཏང་གི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་། རྩ་འཛུགས་ཀྱི་སྒྲིག་ཁྲིམས། སྤྱོད་གཙང་གི་སྒྲིག་ཁྲིམས།ལས་ཀའི་སྒྲིག་ཁྲིམས། འཚོ་བའི་སྒྲིག་ཁྲིམས་བཅས་ལས་ཚབས་ཆེན་འགལ་ནས་གོ་གནས་ཐོག་ཁྲིམས་འགལ་ཚབས་ཆེན་བྱས་ཉེས་གྲུབ་པ་མ་ཚད་ལྐོག་རྔན་ལེན་པའི་ཉེས་གསོག་གི་དོགས་གཞིའང་ཡོད་པ་མ་ཟད། ཏང་གི་ཚོགས་ཆེན་བཅོ་བརྒྱད་འཚོགས་ཚུན་ཚོད་མི་བཟུང་བ་དང་མཚམས་མི་བཞག་པས། ངོ་བོ་ཚབས་ཆེན་དང་ཤུགས་རྐྱེན་ངན་པ་ཡིན་པས་ཐག་གཅོད་ནན་པོ་བྱེད་དགོས། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》དང་།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟ་ཞིབ་བཅའ་ཁྲིམས།》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལས་མི་སྣའི་སྲིད་དོན་ཆད་གཅོད་བཅའ་ཁྲིམས》སོགས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཀྲུང་དབྱང་སྒྲིག་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་ཐོག་ཞིབ་འཇུག་བྱས་པ་དང་འབྲེལ་ཀྲུང་གུང་ཀྲུང་དབྱང་ལ་ཆོག་མཆན་ཞུས་རྗེས་མོང་ཤང་ཏང་གི་སྐྱིད་སྡུག་ནས་ཕུད་པའི་ཆད་པ་གཅོད་རྒྱུ་དང་། རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་དེར་གཞུང་གི་ལས་གནས་ནས་ཕྱིར་འབུད་བྱེད་པའི་ཆད་པ་གཅོད་རྒྱུ། དེའི་ཁྲིམས་འགལ་ལུགས་དཀྲུག་གི་ཐོབ་ཆ་རྩིས་ལེན་བྱ་རྒྱུ། དེའི་ཉེས་བསགས་དོགས་གནད་ཡོད་པའི་གནད་དོན་རྣམས་ཞིབ་དཔྱོད་ལས་ཁུངས་ལ་ཁྲིམས་ལྟར་ཞིབ་བཤེར་དང་ཁྲིམས་སྦྱོར་བྱ་རྒྱུར་སྐྱེལ་སྤྲོད་བྱ་རྒྱུ་དང་། དེ་དང་འབྲེལ་བ་ཡོད་པའི་རྒྱུ་ནོར་མཉམ་དུ་སྐྱེལ་སྤྲོད་བྱ་རྒྱུ་བཅས་ཐག་བཅད་པ་རེད།