འཚོལ་བཤེར།   
藏文频道
2022ལོའི་ཟླ་1ཚེས་24ཉིན།

༄༅།།རྒྱལ་ཁབ་འདིར་རྡོ་སྣུམ་ཟགས་པས་སྦགས་བཙོག་ཚབས་ཆེན་བྱུང་།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་24ཉིན། 15:38】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། ཞིན་ཧྭ་གསར་འགྱུར་ཁང་ལི་མ་ནས་ཟླ་1ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཚེས་22ཉིན་ཕེ་རུའི་ཁོར་ཡུག་པུས་གསལ་བསྒྲགས་སྤེལ་ནས་བཤད་དོན། རྡོ་སྣུམ་བཙོ་སྦྱང་བཟོ་གྲྭ་ཞིག་ཏུ་མ་བཅོས་རྡོ་སྣུམ་ཟགས་པ་ལས་ཕེ་རུར་སྦགས་བཙོག་ཕོག་པའི་ས་ཁུལ་ཚེས་22ཉིན་ནས་བཟུང་དུས་ཡུན་ཉིན་90ཡི་ཁོར་ཡུག་ཛ་དྲག་གི་རྣམ་པ་ཞིག་ཏུ་སླེབས་ཡོད།
     གསལ་བསྒྲགས་ནང་ད་དུང་ལས་འཛོལ་དེས་ས་གནས་དེ་གའི་སྐྱེ་དངོས་སྣ་མང་རང་བཞིན་ལ་འཇིགས་སྐུལ་ཚབས་ཆེན་བཟོ་བ་མ་ཟད། སྤྱི་དམངས་ཀྱི་བདེ་ཐང་ལ་ཉེན་ཁ་ཆེན་པོ་བཟོ་གི་ཡོད་ཅེས་འཁོད་ཡོད་པ་རེད། གསལ་བསྒྲགས་ནང་མ་བཅོས་རྡོ་སྣུམ་ཟགས་པའི་སྦགས་བཙོག་གི་ཞིབ་ཕྲའི་ས་ཁུལ་བསྟན་མེད།
     གཞན་ཡང་ཕེ་རུའི་རང་བྱུང་སྲུང་སྐྱོང་སྒྲིག་གཞིས་སྤེལ་བའི་གསལ་བསྒྲགས་ལ་གཞིགས་ན། རྒྱལ་ས་ལི་མ་དང་དེ་བཞིན་ཉེ་འགྲམ་གྱི་གྲུ་ཁའི་གྲོང་ཁྱེར་ཁ་ཡ་ཨོ་སོགས་ཀྱི་མཚོ་ཁོངས་དང་མཚོ་འགྲམ་སོགས་ནས་མ་བཅོས་རྡོ་སྣུམ་ཟགས་པ་ཤེས་རྟོགས་ཐུབ་པ་གཏན་འཁེལ་བྱས་པ་རེད། ས་གནས་དེ་གའི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། མ་བཅོས་རྡོ་སྣུམ་གྱིས་སྦགས་པའི་མཚོ་ཁོངས་ཀྱི་རྒྱ་ཁྱོན་སྤྱི་ཆིངས་174ཙམ་ཟིན་ཡོད་པ་རེད།
     ཟླ་འདིའི་ཚེས་15ཉིན། སྣུམ་འདྲེན་གྲུ་གཟིངས་ཤིག་སི་ཕེན་གྱི་ལུའེ་ཕུའུ་སོར་རྡོ་སྣུམ་ཀུང་སིས་ཁ་ཡ་ཨུ་རུ་ཡོད་པའི་རྡོ་སྣུམ་བཙོ་སྦྱང་བཟོ་གྲྭས་སྣུམ་བླུགས་སྐབས་སྣུམ་ཟོམ་6000ཙམ་གྱི་སྣུམ་ཟགས་པའི་ལས་འཛོལ་ཐོན་ཡོད་པ་རེད། ལུའེ་ཕུའུ་སོར་ཀུང་སིས་ཞི་བདེ་རྒྱ་མཚོ་ཆེ་མོའི་ལྷོ་རྒྱུད་ཀྱི་རྒྱལ་ཁབ་ཐང་ཀ་རུ་མེ་རི་འཕྱུར་རྗེས། ཕེ་རུའི་མཚོ་འགྲམ་དུ་ཐོན་པའི་རྒྱུན་གཏན་མིན་པའི་མཚོ་རླབས་ནི་ད་རེས་ཀྱི་ལས་འཛོལ་ཐོན་པའི་རྒྱུ་རྐྱེན་ཡིན་ཞེས་བཤད་པ་རེད།
     ཉེ་ཆར། ཕེ་རུའི་ཙུང་ཐུང་ཁ་སི་ཏི་ལུའེ་ཡིས་ལུའེ་ཕུའུ་སོར་ཀུང་སིའི་རྡོ་སྣུམ་བཙོ་སྦྱང་བཟོ་གྲྭའི་དོ་དམ་ཡག་པོ་མ་བྱུང་བར་བརྟེན་ད་ཐེངས་ཀྱི“ཁོར་ཡུག་ཆག་སྒོ”བཟོས་ཡོད་ཅེས་བཤད་པ་རེད། ཕེ་རུའི་ཁོར་ཡུག་པུའི་པུའུ་ཀྲང་ལ་སྨི་ལུའེ་སིས་ཚེས་22ཉིན་ཕེ་རུ་སྲིད་གཞུང་གིས་ལུའེ་ཕུའུ་སོར་ཀུང་སིར་དངུལ་ཆད་ཆེན་པོ་གཅོད་རྒྱུ་ཡིན་པ་དང་། དེར་རྒྱལ་སྤྱིའི་གཏུག་བཤེར་བྱ་སྲིད་པར་བཤད། ཉེ་ཆར་ཕེ་རུ་སྲིད་གཞུང་གིས་ད་དུང་ཉམས་ཉེན་ཨུ་ཡོན་ལྷན་ཁང་ཆེད་མངགས་བཙུགས་ནས་དོན་རྐྱེན་དེར་ཁ་གཏད་གཅོག་གི་ཡོད་པ་རེད། གཞན་ཡང་ཕེ་རུ་སྲིད་གཞུང་གིས་ཚོད་དཔག་བྱས་པར་གཞིགས་ན། སྣུམ་ཟགས་པའི་གནད་དོན་གཙང་སེལ་བྱེད་པར་གཟའ་འཁོར་3ནས་4བར་གྱི་དུས་ཚོད་དགོས་ཀྱི་ཡོད་པ་རེད།