འཚོལ་བཤེར།   
藏文频道
2022ལོའི་ཟླ་1ཚེས་24ཉིན།

༄༅།།ཨ་རིས་ཀྲུང་གོའི་ཁེ་ལས་3བཀག་སྡོམ་བྱས་པའི་ཐད།  

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་24ཉིན། 13:32】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་21ཉིན་ཕྱི་འབྲེལ་པུའི་གསར་འགོད་པའི་རྒྱུན་ལྡན་ཚོགས་འདུའི་ཐོག་གསར་འགོད་པས་དྲིས་དོན། ང་ཚོས་དོ་སྣང་བྱུང་དོན། ཨ་རིའི“རྒྱལ་ཕྲན་མཉམ་འབྲེལ་གྱི་ཟིན་ཐོའི”དྲ་ཚིགས་ཐོག་ཡོངས་བསྒྲགས་བྱས་པའི་ཡིག་ཆའི་ནང་། ཨ་རི་སྲིད་གཞུང་གིས་ས་གནས་དེ་གའི་དུས་ཚོད་ཟླ་1ཚེས་21ཉིན། འཕུར་མདེལ་ལག་རྩལ་མཆེད་པའི་བྱེད་སྒོ་སྤེལ་རྒྱུ་ཡིན་པ་རྒྱུ་མཚན་དུ་བྱས་ནས་ཀྲུང་གོ་འཇིག་རྟེན་འཕུར་སྐྱོད་ཚན་རྩལ་ཚོགས་པའི་སྡེ་ཚན་དང་པོ་དང་། ཀྲུང་གོ་འཇིག་རྟེན་འཕུར་སྐྱོད་ཚན་རྩལ་བཟོ་ལས་ཚོགས་པའི་སྡེ་ཚན་བཞི་པ། པའོ་ལི་ཚན་རྩལ་ཀུང་སི་བཅས་ཁེ་ལས་གསུམ་ལ་བཀག་སྡོམ་བྱ་རྒྱུའི་གཏན་འབེབས་བྱས་པ་རེད། ཀྲུང་གོ་ཕྱོགས་ལ་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས་པ་རེད།    
   ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས། ཨ་རི་ཕྱོགས་ཀྱིས་ཆབ་སྲིད་ཀྱི་དམིགས་ཡུལ་བཅངས་ནས་ཁ་གཡོར་ས་སྣ་ཚོགས་ལ་བརྟེན་ནས་ཀྲུང་གོའི་ཁེ་ལས་ལ་བཀག་སྡོམ་དང་གནོན་ཤུགས་སྤྲོད་པ་དེ་ནི་དཔེ་མཚོན་གྱི་བཙན་འཕྲོག་བྱ་སྤྱོད་ཅིག་རེད། དེའི་ཐད་ཀྲུང་གོ་ཕྱོགས་ཧ་ཅང་མི་དགའ་བ་དང་ངོ་རྒོལ་མཐའ་གཅིག་ཏུ་བྱེད་ཀྱི་ཡོད་བརྗོད། 
   ཀྲུང་གོ་སྲིད་གཞུང་གིས་སྔར་ནས་བཟུང་གཞི་ཁྱོན་ཆེ་བའི་གསོད་རྨས་རང་བཞིན་གྱི་མཚོན་ཆ་དང་སྐྱེལ་འདྲེན་ཡོ་བྱད་ཁྱབ་རྒྱུར་ངོ་རྒོལ་བྱེད་ཀྱི་ཡོད། ཀྲུང་གོའི་ཁྱབ་འགྱེད་འགོག་པའི་སྲིད་ཇུས་དང་དེ་བཞིན་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་། ཀྲུང་གོ་ཕྱོགས་ཀྱིས་འཕུར་མདེལ་དང་འབྲེལ་ཡོད་དངོས་རྫས་ལག་རྩལ་ཕྱིར་གཏོང་དོ་དམ་ནན་པོ་བྱེད་ཀྱི་ཡོད། ཀྲུང་གོས་འབྲེལ་ཡོད་རྒྱལ་ཁབ་དང་རྒྱུན་གཏན་གྱི་མཉམ་ལས་བྱས་པ་དེ་རྒྱལ་སྤྱིའི་བཅའ་ཁྲིམས་གང་རུང་ལས་མི་འགལ་བ་དང་གཞི་ཁྱོན་ཆེ་བའི་གསོད་རྨས་རང་བཞིན་གྱི་མཚོན་ཆ་ཁྱབ་འགྱེད་གནད་དོན་དང་འབྲེལ་བ་མེད།
   ཨ་རི་ཕྱོགས་ཀྱིས་ཁྱབ་འགྱེད་འགོག་པའི་ཁྱབ་ཁོངས་སུ་ཡོངས་བསྒྲགས་ངང་ཚད་གཞི་ཉིས་བརྩེགས་ལག་ལེན་བསྟར་ནས། མནའ་འབྲེལ་གྱིས་འཕུར་མདེལ་དང་འབྲེལ་ཡོད་ལག་རྩལ་འཕེལ་རྒྱས་གཏོང་རྒྱུར་རྒྱ་ཡན་དུ་བཏང་བ་དང་རྒྱབ་སྐྱོར་བྱས་པ་མ་ཟད། ད་དུང་ཨོ་སི་ཁྲུ་ལི་ཡར་འཕུར་སྐྱོད་བར་ཐག་སྤྱི་ལེ་2500ཟིན་པ་མ་ཟད་ད་དུང་ཉིང་རྡུལ་འབར་མདེལ་འཁྱེར་ཐུབ་པའི“དགྲ་སྟའི་དབྱིབས་ཀྱི་”སྐོར་ཞིབ་འཕུར་མདེལ་ཡང་འཚོང་རྒྱུའི་འཆར་གཞི་ཡོད་པ་རེད། ཨ་རི་ཕྱོགས་ཀྱིས་རང་ཉིད་ཀྱི་ཁྱབ་འགྱེད་སྔོན་འགོག་ཟིན་ཐོ་དང་དམག་དོན་ཚོང་དོན་སྲིད་ཇུས་ལ་རང་སྐྱོན་རང་བརྟག་ནན་ཏན་བྱེད་དགོས་པ་ལས། རྒྱལ་ཁབ་གཞན་དག་གི་རྒྱུན་གཏན་གྱི་དམག་དོན་ཚོང་དོན་མཉམ་ལས་ལ་ཤོད་པའི་ཐོབ་ཐང་གང་ཡང་མེད། ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ཕྱོགས་ལ་འཕྲལ་དུ་ནོར་འཁྲུལ་གྱི་བྱེད་སྟངས་ཡོ་བསྲང་བྱས་ནས། འབྲེལ་ཡོད་བཀག་སྡོམ་གྱི་གཏན་འབེབས་ཕྱིར་འཐེན་བྱས་ཏེ་ཀྲུང་གོའི་ཁེ་ལས་ལ་རྡུང་རྡེག་དང་ཀྲུང་གོར་དམའ་འབེབས་གཏོང་རྒྱུ་མཚམས་འཇོག་བྱེད་དགོས་པའི་བླང་བྱ་འདོན་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་སྔར་བས་བྱ་ཐབས་སྤྱོད་རྒྱུའི་དབང་ཆ་སོར་འཇོག་བྱ་རྒྱུ་ཡིན་ཞེས་བཤད།