འཚོལ་བཤེར།   
藏文频道
2022ལོའི་ཟླ་1ཚེས་20ཉིན།

༄༅།།མཚོ་སྔོན་འཇུ་ལག་གི་ས་ཡོམ་རིམ་པ་6.9 རྒྱག་སར་རྟོག་ཞིབ་བྱས་འབྲས་ཡོངས་བསྒྲགས་བྱས་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་20ཉིན། 16:10】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཚན་རྩལ་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། མཚོ་སྔོན་འཇུ་ལག་ཏུ་ས་ཡོམ་རིམ་པ་6.9བརྒྱབ་རྗེས་ལན་ཀྲོའུ་སློབ་ཆེན་དང་ཀན་སུའུ་ཞིང་ཆེན་ཚན་རྩལ་ཐིང་གིས་ཀྲུང་གོ་ས་ཡོམ་ཅུས་ལན་ཀྲོའུ་ས་ཡོམ་ཞིབ་འཇུག་ཁང་དང་། ཀྲུང་ཧྲན་སློབ་ཆེན། མཚོ་སྔོན་ཞིང་ཆེན་ས་ཡོམ་ཅུས་སོགས་ཀྱི་ཚན་ཞིབ་མི་སྣ་10ལྷག་ཙམ་དང་མཉམ་དུ་ཡོམ་ཁུལ་དུ་བསྐྱོད་ནས་ད་ཐེངས་ཀྱི་ས་ཡོམ་གྱི་ས་ངོས་གས་ཁུལ་དང་། ས་རིམ་འགུལ་ཚུལ། ས་ཡོམ་གྱི་གནོད་འཚེ་སོགས་ལ་ས་གནས་ས་ཐོག་ཏུ་རྟོག་ཞིབ་བྱས་ནས་ཟླ་1ཚེས་18ཉིན་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཡོངས་བསྒྲགས་བྱས་པ་རེད།
     ལན་ཀྲོའུ་སློབ་ཆེན་ས་གཤིས་ཚན་རིག་དང་གཏེར་ཐོན་ཐོན་ཁུངས་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཡོན་ཏའོ་དབྱང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ས་གནས་ས་ཐོག་ཏུ་རྟོག་ཞིབ་བྱས་པ་ལས་ཤེས་རྟོགས་བྱུང་བར། ད་ཐེངས་ཀྱི་ས་ཡོམ་རིམ་པ་6.9ཡི་ས་ངོས་གས་ཁུལ་གྱི་རིང་ཚད་སྤྱི་ལེ་22ལས་བརྒལ་བ་དང་གཙོ་བོ་གས་ཁུལ་2ལས་གྲུབ་ཡོད་པ་རེད།
     “ད་ཐེངས་ཀྱི་ས་ཡོམ་ལས་སྡོད་ཁང་བཟོ་སྐྲུན་ལ་གཏོར་སྐྱོན་ཕོག་པ་ཕུད། ད་དུང་ཐུར་ངོས་གས་རྡིབ་དང་། རྦབ་རྡོ། འཁྱགས་ས་གས་པ། འཁྱགས་ངོས་དབྱིབས་འགྱུར་བ་སོགས་ཀྱི་ཞོར་ཐོན་གནོད་འཚེ་མང་པོ་ཐོན་ཡོད”ཅེས་ཀྲུང་གོ་ས་ཡོམ་ཅུས་ལན་ཀྲོའུ་ས་ཡོམ་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་གཞོན་པ་ཤེ་ཧུང་གིས་གསར་འགོད་པར་བཤད། ཁོང་གིས་ས་ཡོམ་ལས་ད་དུང་ལེང་ལུང་རི་བོ་བརྒལ་བའི་ལན་ཤིན་མྱུར་བགྲོད་ལྕགས་ལམ་གྱི་ཏ་ལེང་ཕུག་ལམ་དང་ལིའུ་ཧོང་རོང་ཟམ་ཆེན་གྱི་ཟམ་ངོས་ལ་གཏོར་སྐྱོན་ཕོག་ནས། སྐྱེལ་འདྲེན་བྱེད་མཚམས་འཇོག་དགོས་པ་དང་འགྲོ་ལམ་འགའ་ཞིག་གི་ལམ་གཞིའི་དབྱིབས་འགྱུར་བ་སོགས་ཀྱི་གནོད་འཚེ་ཐོན་ཡོད་ཅེས་བརྗོད།