འཚོལ་བཤེར།   
藏文频道
2022ལོའི་ཟླ་1ཚེས་20ཉིན།

༄༅།།མཚོ་སྔོན་གྱིས་2025ལོར་སླེབས་སྐབས་རྫོང་ཚང་མར་རང་བྱུང་སློབ་གསོའི་སློབ་གྲྭ་ཞིག་འཛུགས་ཐུབ་པའི་བརྩོན་ལེན་བྱེད་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་20ཉིན། 16:09】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བ་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། མཚོ་སྔོན་ཞིང་ཆེན་གྱིས་2025ལོར་སླེབས་སྐབས་མཚོ་སྔོན་ཞིང་ཆེན་གྱི་དམངས་ཡོངས་ཀྱི་རང་བྱུང་སློབ་གསོའི་རྟེན་གཞིའི་དྲ་རྒྱ་བསྐྲུན་རྒྱུ་དང་། རྩ་དོན་ཐོག་རྫོང་རེས་སློབ་གྲྭ་གཅིག་ལ་བརྟེན་ནས་རང་བྱུང་སློབ་གསོའི་སློབ་གྲྭ་འཛུགས་རྒྱུ་དང་། 2030ལོར་སླེབས་སྐབས་སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད་བྱས་ཏེ། ཅུང་འཐུས་སྒོ་ཚང་བའི་མཚོ་སྔོན་ཞིང་ཆེན་གྱི་རང་བྱུང་སློབ་གསོའི་མ་ལག་བཙུགས་ནས་རང་བྱུང་སློབ་གསོ་དེ་མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་རིག་གནས་སྤུས་རྟགས་གཙོ་བོར་སྐྱེད་སྲིང་བྱས་ཏེ། རང་བྱུང་སློབ་གསོ་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།
     རྒྱལ་ཁབ་སྤྱི་གླིང་དང་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀྲང་ཞུའེ་ཡོན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་དཔེ་སྟོན་ཞིང་ཆེན་སྐྲུན་པའི་ལས་དོན་སྔར་བས་ཡག་པོ་སྒྲུབ་ཆེད། དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་གང་ལེགས་བཏོན་ནས་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འགོ་ཁྲིད་ཚོགས་ཆུང་གི་འགོ་ཁྲིད་འོག འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལག་རྩལ་ཚད་གཞིའི་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་དུས་མཚུངས། 《མཚོ་སྔོན་རྒྱལ་ཁབ་སྤྱི་གླིང་གི་ཞིང་ཆེན་རང་བྱུང་སློབ་གསོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》(གཤམ་དུ《མཛུབ་ཁྲིད་བསམ་འཆར》ཞེས་བསྡུ་རྒྱུ)དང《མཚོ་སྔོན་ཞིང་ཆེན་གྱི་རང་བྱུང་སློབ་གསོའི་རྩ་གནད》(གཤམ་དུ《སློབ་གསོའི་ལས་དོན་གྱི་རྩ་གནད》ཅེས་བསྡུ་རྒྱུ)སྒྲིག་བཟོ་ལེགས་སྒྲུབ་བྱས་ཏེ་2021ལོའི་ཟླ་11ཚེས་29ཉིན་དངོས་སུ་བཀྲམ་པ་རེད།
     《མཛུབ་ཁྲིད་བསམ་འཆར》ནང་ནགས་ཚལ་དང་རྩྭ་ཐང་དང་། སློབ་གསོ། ཁོར་ཡུག་སྲུང་སྐྱོང་། ཞིང་ལས། ཚན་རྩལ། རིག་གནས་དང་ཡུལ་སྐོར། གུང་གཞོན་སྡེ་ཚོགས་སོགས་སྡེ་ཚན་མང་པོ་མཉམ་དུ་ཞུགས་པའི་མཉམ་འགུལ་ལམ་སྲོལ་གྱིས་སྣེ་ཁྲིད་དང་རང་བྱུང་སྲུང་སྐྱོང་ཁུལ་ཁག་གི་ཕུན་སུམ་ཚོགས་པའི་གནའ་སྡོང་དང་། རི་སྐྱེས་སྲོག་ཆགས། འདམ་རའི་ཁོར་ཡུག ས་གཤིས་ཀྱི་རྗེས་ཤུལ་སོགས་རང་བྱུང་ཐོན་ཁུངས་བེད་སྤྱོད་བྱ་རྒྱུ་དམིགས་ཚད་དུ་བྱས་ཏེ་སློབ་མ་དང་། ཁྱིམ་བདག སྤྱི་ཚོགས་ཀྱི་མང་ཚོགས་བཅས་གཙོ་བོར་བྱས་ནས་བརྒྱུད་རིམ་ཅན་དང་། ཆེད་ལས་ཅན། མང་ཚོགས་ཅན། སྣ་མང་ཅན་བཅས་ཀྱི་རང་བྱུང་སློབ་གསོའི་བྱེད་སྒོ་ཧུར་ཐག་སྤེལ་རྒྱུ་ཡིན་པ་རེད།