འཚོལ་བཤེར།   
藏文频道
2022ལོའི་ཟླ་1ཚེས་19ཉིན།

༄༅།།མཚོ་སྔོན་དུ“སྐྱེད་མའི་བདེ་ཐང་མྱུར་བགྲོད་རླངས་འཁོར”མང་དུ་བཏང་བ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་19ཉིན། 15:57】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་1ཚེས་13ཉིན་གསར་འགོད་པར་མཚོ་སྔོན་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ནས་ཤེས་རྟོགས་བྱུང་བར། ལོ་གསར་པའི་ལོ་འགོར་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་ཀྲུང་གོ་བུད་མེད་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་དང་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་མཐུན་སྦྱོར་ཧུར་ཐག་འོག ཀྲུང་གོ་འཛུགས་སྐྲུན་དངུལ་ཁང་གིས་ཞལ་འདེབས་བརྒྱབ་པའི་རིན་ཐང་སྒོར་ཁྲི་64རི་བའི“སྐྱེད་མའི་བདེ་ཐང་མྱུར་བགྲོད་རླངས་འཁོར”5ཟི་ལིང་གྲོང་ཁྱེར་དང་། མཚོ་ཤར་གྲོང་ཁྱེར། མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ། ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་བཅས་ཀྱི་མ་བུ་བདེ་སྲུང་སྨན་ཁང་དང་། མི་དམངས་སྨན་ཁང་། ཤང་དང་གྲོང་རྡལ་འཕྲོད་བསྟེན་ཁང་སོགས་5ལ་སྤྲད་ནས་དྲོ་སྐྱིད་དང་གཅེས་སེམས་མཚོན་པར་བྱས་པ་རེད།
     ད་རེས་ཞལ་འདེབས་བརྒྱབ་པའི“སྐྱེད་མའི་བདེ་ཐང་མྱུར་བགྲོད་རླངས་འཁོར”ལ་ད་དུང་ཉལ་ཁྲི་དང་། གསོ་རླུང་། མྱུར་སྐྱོབ་སྒམ་སོགས་སྨན་བཅོས་རོགས་སྐྱོབ་སྒྲིག་ཆས་བཀོད་སྒྲིག་བྱས་པ་དེས་ས་གནས་དེ་གའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུར་སྟབས་བདེ་བསྐྲུན་རྒྱུ་དང་མཚོ་སྔོན་ཞིང་ཆེན་གྱི་བུད་མེད་དང་བྱིས་པའི་བདེ་ཐང་ཆུ་ཚད་སྔར་བས་མཐོ་རུ་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་ཐོན་རྒྱུ་རེད།
     “སྐྱེད་མའི་བདེ་ཐང་མྱུར་བགྲོད་རླངས་འཁོར”གྱི་རྣམ་གྲངས་དེ་2005ལོ་ནས་བཟུང་མཚོ་སྔོན་ཞིང་ཆེན་དུ་ལག་ལེན་བསྟར་ཚུན་རིམ་རྩིས་བྱས་ན“སྐྱེད་མའི་བདེ་ཐང་མྱུར་བགྲོད་རླངས་འཁོར”བརྒྱ་ལྷག་ཙམ་ཞལ་འདེབས་བརྒྱབ་ཡོད། “སྐྱེད་མའི་བདེ་ཐང་མྱུར་བགྲོད་རླངས་འཁོར”གྱིས་གཞི་རིམ་མང་ཚོགས་ལ་བདེ་ཐང་གི་འཚོ་བའི་འདུ་ཤེས་ཁྱབ་གདལ་གཏོང་བ་དང་། འཕྲོད་བསྟེན་དང་བདེ་སྲུང་ཤེས་བྱ་སློབ་ཁྲིད་བྱེད་པ། སྦྲུམ་མ་དང་ནད་པ་ཚབས་ཆེན་མྱུར་སྐྱོབ་བྱེད་པ་བཅས་ཀྱི་ཐད་ནུས་པ་གལ་ཆེན་ཐོན་ཡོད་པ་དང་། སྐོར་སྐྱོད་སྨན་བཅོས་རླངས་འཁོར་གཞི་རྟེན་དུ་བྱས་ནས་ཞིང་འབྲོག་ཁུལ་དུ་ཟབ་སྐྱོད་དང་། གྲོང་ཚོ་དང་མཉམ་ལས་ཁང་གི་ཞིང་དུད་དང་། སློབ་གྲྭ་དང་ལས་ཁུངས། འབྲོག་ཁུལ་བཅས་སུ་བསྐྱོད་དེ་དྲིལ་བསྒྲགས་གསོ་སྦྱོང་དང་འོས་འགན་སྨན་བཅོས་བློ་འདྲི་སོགས་ཀྱི་བདེ་ཐང་ཞབས་ཞུ་མང་ཚོགས་ཀྱི་སྒོ་འགྲམ་དུ་བསྒྲུབས་ནས་རླངས་འཁོར་ཚང་མར་གསོ་སྦྱོང་དང་དྲིལ་བསྒྲགས་དང་། སྔོན་འགོག་དང་རོགས་སྐྱོབ། ཁྱབ་འགྱེད་ནུས་པ་ལྡན་པ་བཅས་ཀྱི་གཅིག་སྡུད་རྣམ་པའི་འཕྲོད་བསྟེན་བདེ་ཐང་ཞབས་ཞུ་ཞིག་ཆགས་པར་བྱས་ཡོད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། 2021ལོར“སྐྱེད་མའི་བདེ་ཐང་མྱུར་བགྲོད་རླངས་འཁོར”ལ་བརྟེན་ནས་མི་ཐེངས་ཁྲི་3.5ཙམ་ལ་འོས་འགན་སྨན་བཅོས་བློ་འདྲི་བྱས་པ་དང་། མི་ཐེངས་ཁྲི་5.5ལ་བདེ་ཐང་ཡོངས་བཤེར་བྱས་པ། མི་ཐེངས་8981ལ་གསོ་སྦྱོང་བྱས་པ། སྦྲུམ་མ་དང་ཚབས་ཆེའི་ནད་པ་1347ལ་རོགས་སྐྱོབ་དང་སྐྱེལ་འདྲེན་བྱས་པ། རིན་ཐང་སྒོར་ཁྲི་4ཟིན་པའི་སྨན་སྤྲད་པ་བཅས་བྱས་ཡོད།