འཚོལ་བཤེར།   
藏文频道
2022ལོའི་ཟླ་1ཚེས་19ཉིན།

༄༅།།མཚོ་སྔོན་ཞིང་ཆེན་གྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་གངས་འཁྱགས་ལ་རོལ་ནས་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་བསུ་བ་ཞུས་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་19ཉིན། 11:08】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་འཆར་ཉེར་ཡོད་པ་དང་ཆབས་ཅིག་ཞིང་ཆེན་ཡོངས་ཀྱི་ས་གནས་ཁག་ཏུ་གངས་འཁྱགས་ལུས་རྩལ་གྱི་ཚ་རླབས་ཤིག་འཕྱུར་ཏེ་མི་དེ་བས་མང་བ་དེའི་ཁྲོད་ཞུགས་ནས་གངས་འཁྱགས་ལུས་རྩལ་གྱི་ཉམས་སྣང་ལ་མྱོང་རོལ་བྱེད་ཀྱི་ཡོད། ཟླ་1ཚེས་16ཉིན་གསར་འགོད་པར་མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས་ནས་ཤེས་རྟོགས་བྱུང་བར། མིག་སྔར་2021ལོ་དང་2022ལོའི་དགུན་ཁ་དང་དཔྱིད་དུས་ཀྱི་མང་ཚོགས་གངས་འཁྱགས་དགའ་ནེའུ་དུས་ཆེན་གྱི་རིམ་སྤེལ་བྱེད་སྒོ་དང་རྒྱལ་ཡོངས་མང་ཚོགས་ཀྱི་གངས་འཁྱགས་དུས་ཚིགས་སྐབས་བརྒྱད་པའི་མཚོ་སྔོན་ཡན་ལག་ཚོགས་རའི་བྱེད་སྒོ་ཕྱོགས་ཡོངས་ནས་སྤེལ་བ་དང་། ཞིང་ཆེན་ཡོངས་ཀྱི་ས་གནས་ཁག་གིས“གཟབ་ནན་བདེ་འཇགས་དང་། ཡུལ་བབ་དང་བསྟུན་པ། གྲོན་ཆུང་དངོས་སྒྲུབ། གཞི་ཁྱོན་ཆུང་ལ་ཁ་འགྲེམས། སྤྱི་ཕན་དང་དམངས་ཕན”བཅས་ཀྱི་རྩ་དོན་ལྟར་གངས་འཁྱགས་འགྲན་བསྡུར་དང་བྱེད་སྒོ་སྣ་ཚོགས་གོ་རིམ་ལྡན་པའི་ངང་སྤེལ་ཏེ་སྣ་མང་ཕུན་སུམ་ཚོགས་པའི་གངས་འཁྱགས་ལུས་རྩལ་ལ་བརྟེན་ནས་2022ལོའི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དགའ་བས་བསུ་བཞིན་ཡོད།
     ཤེས་རྟོགས་བྱུང་བར་གཞིགས་ན། ན་ནིང་ནས་བཟུང་ཞིང་ཆེན་ཡོངས་སུ་རིམ་བཞིན་གངས་འཁྱགས་ལུས་རྩལ་གྱི་ཚ་རླབས་འཕྱུར་ནས་གངས་འཁྱགས་ལ་རོལ་རྒྱུ་དེ་གྲོང་མི་མང་པོ་ཞིག་གི་དུས་ཆེན་དང་ངལ་གསོའི་རིང་གི་གདམ་ག་གཙོ་བོར་གྱུར་ཡོད། འདི་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀར་ཞིང་ཆེན་ཡོངས་ཀྱི་རིམ་ཁག་ལུས་རྩལ་སྡེ་ཚན་གྱིས་འགྲན་བསྡུར་དང་བྱེད་སྒོ་ཁག་30སྒྲིག་འཛུགས་བྱ་རྒྱུའི་འཆར་གཞི་ཡོད། དེའི་ནང་ཞིང་ཆེན་ལུས་རྩལ་ཅུས་ཀྱིས་སྒྲིག་འཛུགས་བྱས་པའི་བྱེད་སྒོ་ཁྱོན་7ཡོད་པ་དང་། གྲོང་ཁྱེར་དང་། ཀྲོའུ། རྫོང་བཅས་ཁག་གིས་སྒྲིག་འཛུགས་བྱས་པའི་བྱེད་སྒོ་ཁག་23ཡོད་པའི་ནང་རྩལ་འགྲན་རིགས་དང་། མང་ཚོགས་རིགས། དབང་པོ་སྐྱོན་ཅན་གྱི་རྣམ་གྲངས་བཅས་ཚུད་ཡོད།
     གསར་འགོད་པར་དོ་སྣང་བྱུང་བར། མང་ཚོགས་དེ་བས་མང་བ་གངས་འཁྱགས་ལུས་རྩལ་ནང་ཞུགས་ཐུབ་པ་བྱ་ཆེད། ལུས་རྩལ་སྡེ་ཚན་གྱིས་ཞབས་ཞུ་དེ་བས་མང་དུ་བཏང་སྟེ་གངས་ཤུད་རྩལ་ནུས་ཁྱབ་གདལ་གསོ་སྦྱོང་དང་མང་ཚོགས་ཀྱི་གངས་ཤུད་རྩལ་ནུས་སྤེལ་རེས་འགྲེམས་སྟོན་གྱི་འགྲན་བསྡུར་ཆེ་མོ་ཆེད་མངགས་བཀོད་སྒྲིག་བྱས་པ་དང་། ས་གནས་ཁག་གིས་ཀྱང་གངས་འཁྱགས་ཐོན་ཁུངས་ཀྱི་ལེགས་ཆ་ཧུར་ཐག་སྤྱད་དེ་གཞོན་ནུ་ལོ་ཆུང་གི་གངས་སྟེང་གི་དགུན་སྒར་དང་། གངས་འཁྱགས་ཀྱི་ཕ་མ་བུ་ཕྲུག་གི་ལུས་རྩལ་འགྲན་ཚོགས། ལས་བྱེད་ལས་བཟོའི་གངས་འཁྱགས་ལུས་རྩལ་འགྲན་ཚོགས། གཞོན་ནུ་ལོ་ཆུང་གི་གངས་འཁྱགས་ལུས་རྩལ་གྱི་ཞིབ་འཇུག་སློབ་སྦྱོང་བྱེད་སྒོ གངས་འཁྱགས་གློག་སྒྲོན་གྱི་ཞིམ་ཟས་དུས་ཆེན་སོགས་ནང་དོན་ཕུན་སུམ་ཚོགས་པ་དང་མི་ཚོགས་མི་འདྲ་བར་ཁྱབ་པའི་བྱེད་སྒོ་སྒྲིག་འཛུགས་བྱས་ནས་གྲོང་མི་གངས་འཁྱགས་ལུས་རྩལ་ནང་ཞུགས་པའི་ཧུར་སེམས་རྒྱུན་ཆད་མེད་པར་འཕེལ་བར་བྱས་ཐོག་ཚང་མ་གངས་འཁྱགས་ལ་རོལ་ཐུབ་པ་དང་། གངས་འཁྱགས་ལ་རོལ་ཕོད་པ། གངས་འཁྱགས་ལ་རོལ་མཁས་པ་བཅས་ཡོང་བར་རོགས་རམ་བྱས་ཡོད་པ་རེད།