འཚོལ་བཤེར།   
藏文频道
2022ལོའི་ཟླ་1ཚེས་18ཉིན།

༄༅།།ཁོར་ཡུག་ལ་གཏོར་སྐྱོན་གཏོང་བར་ཆད་གཅོད་ཚད་གཞི་གསར་པ་བཟོས། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་18ཉིན། 13:47】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཚེས་17ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྣོད་བཅུད་ཁོར་ཡུག་ཐིང་ནས་ཤེས་རྟོགས་བྱུང་བར། ཉིན་ཤས་གོང་། མཚོ་སྔོན་ཞིང་ཆེན་སྣོད་བཅུད་ཁོར་ཡུག་ཐིང་གིས《མཚོ་སྔོན་ཞིང་ཆེན་སྣོད་བཅུད་ཁོར་ཡུག་སྲིད་འཛིན་ཆད་གཅོད་ཚད་གཞིའི་གཏན་འབེབས(ཚོད་ལྟའི་ལག་བསྟར)》(གཤམ་དུ《གཏན་འབེབས》ཞེས་བསྡུ་རྒྱུ)དང《མཚོ་སྔོན་ཞིང་ཆེན་སྣོད་བཅུད་ཁོར་ཡུག་སྲིད་འཛིན་ཆད་གཅོད་ཚད་གཞི》(གཤམ་དུ《ཚད་གཞི》ཞེས་བསྡུ་རྒྱུ)བཟོས་ནས་པར་འགྲེམས་བྱས་ཤིང་། མཚོ་སྔོན་ཞིང་ཆེན་གྱི་སྣོད་བཅུད་ཁོར་ཡུག་གི་སྲིད་འཛིན་ཆད་གཅོད་ཀྱི་རང་མོས་ཁྲིམས་གཅོད་ཚད་གཞི་སྔར་ལས་ཞིབ་ཕྲ་བྱས་ནས་སྣོད་བཅུད་ཁོར་ཡུག་གི་ཁྲིམས་འགལ་བྱ་སྤྱོད་ལ་ཆད་པ་གཅོད་ཚད་ཁ་གསལ་བཟོས་ཡོད་པ་རེད།
     མཚོ་སྔོན་ཞིང་ཆེན་གྱི་ལྷོ་རྒྱུད་ནི་འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཀྱི་ཆུ་འགོ་ཡིན་ཞིང་། བྱང་རྒྱུད་དུ་མཚོ་སྔོན་དང་ཀན་སུའུ་ཞིང་ཆེན་གཉིས་ཀྱི“སྲོག་རྩ”མདོ་ལ་རི་བོ་ཡོད། བྱང་ཤར་རྒྱུད་ནི་ཀྲུང་གོའི་སྐམ་སའི་དབུས་ཁུལ་གྱི་ཚྭ་ཆུའི་མཚེའུ་ཆེ་ཤོས་ཡིན་པའི་མཚོ་སྔོན་པོ་ཡིན་པ་དང་། ནུབ་རྒྱུད་ནི་ཀྲུང་གོའི“ནོར་གཞོང”ཚྭ་འདམ་གཤོངས་ས་རེད། མཚོ་སྔོན་ནི་ཀྲུང་གོའི“སྣོད་བཅུད་ཀྱི་མཐོ་ས”ཡིན་པས“ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”ཅེས་བརྗོད་ཀྱི་ཡོད། 
     ངོ་སྤྲོད་བྱས་པར་གཞིགས་ན།《གཏན་འབེབས》ནང་གཅོད་འཇལ་ཚད་གཞིའི་བཀོལ་སྤྱོད་ཁྱབ་ཁོངས་དང་། གཞི་རྩའི་རྩ་དོན། གཅོད་འཇལ་རྒྱུ་རྐྱེན། ལྟ་སྐུལ་ཞིབ་བཤེར། ཁྲིམས་ཆད་ལག་བསྟར་སྦྲེལ་མཐུད་སོགས་ཚུད་ཡོད། སྣོད་བཅུད་ཁོར་ཡུག་ལ་གནོད་འཚེ་བཏང་བའི་གུན་གསབ་ལམ་ལུགས་སྒྱུར་བཅོས་དང་སྲིད་འཛིན་ཆད་གཅོད་ཕན་ཚུན་ཟུང་འབྲེལ་བྱས་ཏེ་གུན་གསབ་དང་ཉམས་གསོའི་དོན་དངོས་གནས་ཚུལ་དེ་ཉེས་ཆད་ཡང་དུ་གཏོང་བའི་ངོས་འཛིན་གྱི་གཞི་འཛིན་སར་བྱས་ནས་ཁེ་ལས་ཀྱིས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ཁྲིམས་སྲུང་འདུ་ཤེས་ཟབ་ཏུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས།《ཚད་གཞིའི》ནང་ཁྲིམས་འགལ་གྱི་བྱ་སྤྱོད་གྲུབ་པའི་རྒྱུ་རྐྱེན་གཙོ་བོ་དང་ཁྲིམས་འགལ་གྱི་གནས་ཚུལ་ལ་གཞིགས། ཁྲིམས་འཛིན་ལག་ལེན་དང་ཟུང་འབྲེལ་བྱས་ཏེ《ཁོར་ཡུག་སྲུང་སྐྱོང་བཅའ་ཁྲིམས》དང་།《རླུང་ཁམས་ཆེན་མོའི་སྦགས་བཙོག་འགོག་བཅོས》《ཁོར་ཡུག་ཤུགས་རྐྱེན་གྱི་གདེང་འཇོག་བཅའ་ཁྲིམས》སོགས་རྒྱལ་ཁབ་དང་མཚོ་སྔོན་ཞིང་ཆེན་གྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་བཅའ་ཁྲིམས་དང་ཁྲིམས་སྲོལ་དང་སྒྲིག་སྲོལ་དང་འབྲེལ་བའི་སྣོད་བཅུད་ཁོར་ཡུག་གི་ཁྲིམས་འགལ་བྱ་སྤྱོད་རིགས་240གཅོད་འཇལ་བེད་སྤྱོད་ཀྱི་ཆ་རྐྱེན་དང་བེད་སྤྱོད་ཀྱི་གནས་ཚུལ་སོགས་ལ་གཞིགས་ནས་ཞིབ་ཕྲ་ཅན་དུ་བཏང་སྟེ་གཅོད་འཇལ་བྱས་འབྲས་ཚན་རིག་དང་མཐུན་ལ་ལུགས་དང་མཐུན་པ། ཡང་དག་བཅས་ཡོང་བའི་འགན་ལེན་བྱས་པ་རེད།
     མཚོ་སྔོན་ཞིང་ཆེན་སྣོད་བཅུད་ཁོར་ཡུག་ཐིང་གིས་བསྟན་དོན། སྣོད་བཅུད་ཁོར་ཡུག་གི་སྲིད་འཛིན་ཆད་གཅོད་ཚད་གཞི་བཏོན་པ་དེས་མཚོ་སྔོན་ཞིང་ཆེན་གྱི་སྣོད་བཅུད་ཁོར་ཡུག་སྡེ་ཚན་གྱིས་གཞུང་དྲང་དང་ཡ་རབས་ངང་ཁྲིམས་འཛིན་བྱ་རྒྱུར་ལས་ཀའི་མཛུབ་ཁྲིད་གསལ་པོ་མཁོ་འདོན་བྱས་པ་དང་། སྣོད་བཅུད་ཁོར་ཡུག་གི་སྲིད་འཛིན་ཆད་གཅོད་རང་མོས་གཅོད་འཇལ་བྱེད་དབང་ལ་སྤྱོད་པ་དང་ལྟ་སྐུལ་ཚད་ལྡན་དུ་བཏང་ནས་ཁྲིམས་འཛིན་གྱི་རང་སྣང་གང་ཤར་རང་བཞིན་དང་རང་སྣང་རང་བཞིན་གཡོལ་ཐབས་བྱས་ཏེ་ཁྲིམས་འཛིན་ཉེན་ཁ་ནུས་ལྡན་ངང་འགོག་ཟོན་བྱ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད།