འཚོལ་བཤེར།   
藏文频道
2022ལོའི་ཟླ་1ཚེས་15ཉིན།

༄༅།།སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོ་དང་ལྟེ་བའི་ལས་འགན་ཁོང་དུ་ཡང་དག་ཆུད་པར་བྱེད་དགོས།

—— སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་ཆེན་དང་པུའུ་རིམ་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པའི་མཛད་སྒོའི་ཐོག་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་བྱེད་རྒྱུའི་སྐོར་གླེང་བ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་15ཉིན། 10:22】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འགལ་ཟླ་གཙོ་བོ་དང་ལྟེ་བའི་ལས་འགན་དམ་འཛིན་བྱས་ནས་སྤྱི་ཡོངས་ཀྱི་ལས་དོན་ལ་སྣེ་ཁྲིད་བྱེད་པ་དེ་ནི་དངོས་གཙོའི་རྩོད་སྒྲུབ་རིག་པའི་བླང་བྱ་ཞིག་རེད་ལ། རང་རེའི་ཏང་གིས་སྔ་ཕྱི་བར་གསུམ་དུ་དར་སྤེལ་གཏོང་བ་དང་མཐའ་འཁྱོངས་བྱེད་པའི་བྱེད་ཐབས་ཤིག་ཀྱང་རེད། “ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཀྱི་གྲོས་ཆོད་ནང་ཏང་གིས་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོ་དང་ལྟེ་བའི་ལས་འགན་ལ་དམ་འཛིན་བྱེད་མཁས་པོ་བྱས་ནས་སྤྱི་ཡོངས་ཀྱི་ལས་དོན་ལ་སྣེ་ཁྲིད་བྱེད་པར་ཕྱོགས་ཡོངས་ནས་དབྱེ་ཞིབ་བྱས་ཡོད” ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པའི་མཛད་སྒོའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཏང་གིས་ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་ལམ་བུའི་ཁྲོད་རང་རྒྱལ་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོ་དང་ལྟེ་བའི་ལས་འགན་ལ་ཞིབ་འཇུག་དང་ཁོང་དུ་ཆུད་པར་དབྱེ་ཞིབ་དང་ཕྱོགས་སྡོམ་བྱ་རྒྱུར་མཐོང་ཆེན་བྱས་ཡོད། འདི་ནི་ཚང་འཛོམས་གྲོས་ཚོགས་ཀྱི་གྲོས་ཆོད་ཀྱི་མགོ་ནས་མཇུག་བར་ཁྱབ་པའི་ནང་དོན་གལ་ཆེན་ཞིག་ཡིན་པས། ང་ཚོས་ངེས་པར་དུ་སློབ་སྦྱོང་གཏིང་ཟབ་དང་ཕྱོགས་ཡོངས་ནས་གོ་བ་ལེན་དགོས་པའི”ནན་བཤད་གནང་ཡོད།
    ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་ནས་རང་རྒྱལ་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོ་དེ་མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་དང་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་འཕེལ་རྒྱས་དབར་གྱི་འགལ་ཟླར་གྱུར་ཡོད”ཅེས་བསྟན་ཡོད། ཆབ་སྲིད་ཀྱི་ཆོད་གཏམ་གལ་ཆེན་དེས། དུས་རབས་ཀྱི་ཁྱད་ཆོས་དང་རང་རྒྱལ་འཕེལ་རྒྱས་ལོ་རྒྱུས་ཀྱི་ཁ་ཕྱོགས་གསར་པ་སྟངས་འཛིན་ཡང་དག་གནང་བ་དང་། རང་རྒྱལ་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱི་རོལ་ཡུལ་གྱི་དོན་དངོས་མཚོན་པ། དེང་རབས་ཀྲུང་གོའི་འཕེལ་རྒྱས་ཀྱི་གནད་དོན་གཙོ་བོ་ཐག་གཅོད་བྱེད་པའི་རྩ་བའི་ཤུགས་རྒྱག་ས་གསལ་པོར་བསྟན་གནང་བ་མ་ཟད། སྤྱི་ཚོགས་ཀྱི་འགལ་ཟླའི་སྐོར་གྱི་མར་ཁེ་སི་རིང་ལུགས་ཀྱི་གཞུང་ལུགས་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་ཀྱང་བཏང་ཡོད། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོའི་འགྱུར་ལྡོག་ཁྲོད་ང་ཚོས་རང་རྒྱལ་སྤྱི་ཚོགས་རིང་ལུགས་གནས་སའི་ལོ་རྒྱུས་དུས་མཚམས་འཛིན་པའི་བརྡར་གཅོད་ལ་འགྱུར་ལྡོག་བྱུང་མེད་མོད། འོན་ཀྱང་དེ་ནི་སྤྱི་ཡོངས་དང་འབྲེལ་བའི་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་ཅིག་རེད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་འཐབ་ཇུས་ཀྱི་སྤྱི་ཡོངས་དང་འཛམ་གླིང་ལ་ལོ་བརྒྱའི་ནང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོར་སྤྱི་འདོམས་དང་། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོར་འགྱུར་ལྡོག་བྱུང་བ་ལས་བྱུང་བའི་ཁྱད་ཆོས་གསར་པ་དང་བླང་བྱ་གསར་པ་མཁྱེན་རྟོགས་གཏིང་ཟབ། སྣེ་མང་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་ཁོར་ཡུག་ལས་བྱུང་བའི་འགལ་ཟླ་གསར་པ་དང་འགྲན་སློང་གསར་པ་མཁྱེན་རྟོགས་གཏིང་ཟབ་བཅས་གནང་ནས་འཕེལ་རྒྱས་ལ་མུ་མཐུད་སྐུལ་འདེད་གཏོང་བའི་རྨང་གཞིའི་ཐོག འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་གནད་དོན་ཐག་གཅོད་བྱེད་པར་ཤུགས་སྣོན་རྒྱག་པ་དང་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་བཏང་སྟེ་དཔལ་འབྱོར་དང་། ཆབ་སྲིད། རིག་གནས། སྤྱི་ཚོགས། སྐྱེ་ཁམས་སོགས་ཐད་ཀྱི་ཉིན་བཞིན་གོང་མཐོར་འགྲོ་བའི་མི་དམངས་ཀྱི་དགོས་མཁོ་དེ་བས་ལེགས་པའི་སྒོ་ནས་བསྐངས་གནང་བ་མ་ཟད། མིའི་ཕྱོགས་ཡོངས་འཕེལ་རྒྱས་དང་སྤྱི་ཚོགས་ཕྱོགས་ཡོངས་ཡར་ཐོན་ཡོང་བར་དེ་བས་ལེགས་པའི་སྒོ་ནས་སྐུལ་འདེད་ཀྱང་བཏང་གནང་ཡོད། སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོ་ངོས་འཛིན་བྱ་རྒྱུ་དེ་ནི་སྤྱི་ཚོགས་འཕེལ་རྒྱས་དུས་མཚམས་སྟངས་འཛིན་བྱེད་པའི“ལྡེ་མིག”ལྟ་བུ་ཞིག་ཡིན། རང་རེའི་ཏང་གིས་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་ཆོས་ཉིད་འཚོལ་ཞིབ་བྱེད་པའི་བརྒྱུད་རིམ་ནང་རང་རྒྱལ་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོར་ངོས་འཛིན་ཐུབ་ཚད་ཟབ་ཏུ་འགྲོ་རིམ་བཞིན་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་མཚམས་ཀྱི་ངོས་འཛིན་ཆུ་ཚད་མཐོ་རུ་ཕྱིན་ནས་ཏང་གི་ལམ་ཕྱོགས་དང་། མཛད་ཕྱོགས། སྲིད་ཇུས་བཅས་ཀྱི་ཚན་རིག་དང་མཐུན་པའི་རང་བཞིན་དང་ཡང་དག་རང་བཞིན་འགན་ལེན་བྱས་ཡོད།
    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རྙོག་འཛིང་ཆེ་བའི་དུས་བབ་དང་། རྙོག་འཛིང་ཆེ་བའི་འགལ་ཟླ། ལྗིད་རྫོབ་ཆེ་བའི་ལས་འགན་བཅས་ཀྱི་མདུན་དུ་གཙོ་ཕལ་མེད་པ་དང་། དབྱེ་བ་མ་ཕྱེ་བ། ཉ་ཉུང་མཉམ་བསྲེས་བཅས་བྱས་ཚེ་ལས་དོན་ཡག་པོ་བསྒྲུབ་མི་ཐུབ”ཅེས་ནན་བཤད་གནང་ཡོད། ལས་དོན་གང་ཞིག་བསྒྲུབས་ཀྱང་། ང་ཚོས་གནས་གཉིས་སྨྲ་བར་སྣང་ཆེན་བྱེད་དགོས་ལ་གཙོ་གནད་སྨྲ་བར་ཡང་སྣང་ཆེན་བྱེད་དགོས། འགལ་ཟླ་ནི་ཡོངས་ཁྱབ་ཏུ་གནས་ཡོད། འགལ་ཟླ་ནི་བྱ་དངོས་བར་གྱི་འབྲེལ་བའི་ངོ་བོའི་ནང་དོན་དང་བྱ་དངོས་འཕེལ་རྒྱས་འགྲོ་བའི་རྩ་བའི་སྒུལ་ཤུགས་ཡིན་པ་དང་། མིའི་ངོས་འཛིན་བྱེད་སྒོ་དང་ལག་ལེན་བྱེད་སྒོ་དེ། རྩ་བའི་ཐོག་ནས་བརྗོད་ན། འགལ་ཟླ་ཟམ་མི་ཆད་པར་ངོས་འཛིན་དང་འགལ་ཟླ་ཟམ་མི་ཆད་པར་ཐག་གཅོད་ཀྱི་བརྒྱུད་རིམ་ཞིག་ཡིན་པ་ཤེས་པ་བྱེད་དགོས་ལ། སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོ་ནི་སྤྱི་ཚོགས་ཀྱི་འགལ་ཟླ་སྣ་ཚོགས་ཀྱི་འབྱུང་རྩ་གཙོ་བོ་དང་གཅིག་སྡུད་ཀྱི་མཚོན་ཚུལ་ཞིག་ཡིན་པས། སྤྱི་ཚོགས་ཀྱི་འགལ་ཟླའི་བྱ་རིམ་ནང་གཙོ་ཁྲིད་ཀྱི་གནས་བབ་བཟུང་བའང་ཤེས་པ་བྱེད་དགོས། འགལ་ཟླར་ཕྱོགས་པ་དང་འགལ་ཟླ་ཐག་གཅོད་ཧུར་ཐག་བྱེད་པར། ངེས་པར་དུ་འགལ་ཟླ་གཙོ་བོ་དང་འགལ་ཟླ་ཕལ་པ་དང་དེ་བཞིན་འགལ་ཟླའི་ཕྱོགས་གཙོ་བོ་དང་ཕྱོགས་ཕལ་པའི་འབྲེལ་བ་ཁོང་དུ་ཡག་པོ་ཆུད་པར་དོ་སྣང་བྱེད་དགོས། ང་ཚོར་སྤྱི་ཡོངས་ཀྱི་ལྟ་བ་ཡོད་དགོས། འགལ་ཟླ་སྣ་ཚོགས་ཁོང་དུ་ཆུད་པ་དང་ཆབས་ཅིག་འགལ་ཟླ་གཙོ་བོ་དང་ལྟེ་བའི་ལས་འགན་ལ་དམ་པོར་དམིགས་ནས་འགལ་ཟླ་གཙོ་བོ་དང་འགལ་ཟླའི་ཕྱོགས་གཙོ་བོ་སྔོན་ལ་ཐག་གཅོད་བྱེད་པའི་ཐོག་ནས་འགལ་ཟླ་གཞན་ཐག་གཅོད་བྱེད་པར་སྣེ་ཁྲིད་དང་། ཕྱོགས་ཡོངས་སྐུལ་འདེད་གཏོང་བའི་ཁྲོད་གཙོ་གནད་ཚད་བརྒལ་མངོན་འགྱུར་ཡོང་བ་བྱས་ནས་གཙོ་གནད་ཚད་བརྒལ་གྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆུ་ཚད་ཕྱོགས་ཡོངས་ཡར་རྒྱས་ཡོང་བར་སྣེ་ཁྲིད་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་སྐྲུན་པའི་འབད་འཐབ་དམིགས་ཚད་ཀྱི་ཕྱོགས་སུ་ཟམ་མི་ཆད་པར་མདུན་སྐྱོད་བྱེད་དགོས།
    ད་ཆ་ང་ཚོས་ལོ་རྒྱུས་ཐོག་གི་དུས་སྐབས་གང་ཞིག་ལས་ཀྱང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་དམིགས་ཚད་མངོན་འགྱུར་ཐུབ་རྒྱུ་དེ་བས་ཐག་ཉེ་རུ་ཕྱིན་ལ། དམིགས་ཚད་དེ་མངོན་འགྱུར་བྱེད་པའི་ཡིད་ཆེས་དང་ནུས་པའང་དེ་བས་ཡོད། དེ་དང་ཆབས་ཅིག་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་བྱ་རྒྱུ་ནི་ལས་སླ་པོར་འགྲུབ་ཐུབ་པ་ཞིག་དང་འཁར་རྔ་བརྡུངས་ན་མངོན་འགྱུར་ཐུབ་པ་ཞིག་མིན་ལ། ལམ་བདེ་པོ་ཞིག་དང་འབད་པ་ཙམ་གྱིས་སྒྲུབ་ཐུབ་པ་ཞིག་ཀྱང་དེ་བས་མིན་པར། རང་རྒྱལ་འདི་ཉིད་སྔར་བཞིན་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་མཚམས་སུ་ཡུན་རིང་གནས་རྒྱུ་དང་རང་རྒྱལ་ནི་སྔར་བཞིན་འཛམ་གླིང་ཐོག་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་ཤིག་ཡིན་པ་ཏང་ཡོངས་ཀྱིས་ངེས་པར་དུ་རིག་པ་དྭངས་གསལ་གྱིས་ཤེས་པ་བྱེད་དགོས། ཏང་ཡོངས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་མཚམས་ཀྱི་གཞི་རྩའི་རྒྱལ་བབ་དེ་ཁོང་དུ་བརྟན་པོ་ཆུད་པར་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་མཚམས་ཀྱི་དོན་དངོས་ཆེ་ཤོས་དེར་གཞི་བརྟན་པོ་ཚུགས་པ། ཏང་དང་རྒྱལ་ཁབ་ཀྱི་སྲོག་རྩ་དང་མི་དམངས་ཀྱི་བདེ་སྐྱིད་ཀྱི་སྲོག་རྩ་ཡིན་པའི་ཏང་གི་གཞི་རྩའི་ལམ་ཕྱོགས་མཐའ་འཁྱོངས་བརྟན་པོ། ཚན་རིག་དང་མཐུན་པའི་སྒོ་ནས་རང་རྒྱལ་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོའི་འགྱུར་ལྡོག་གསར་པ་ཁོང་དུ་ཆུད་པ། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ། ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་འཆང་བ། ཐོག་མཐའ་བར་གསུམ་དུ་ཁེངས་སྐྱུང་གཟབ་ནན་དང་། ང་རྒྱལ་དང་འཚབ་འཚུབ་སྤོང་བ། དཀའ་སྤྱད་འབད་བརྩོན་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱལ་ཁ་གསར་པ་ཧུར་ཐག་བླངས་ནས་ཏང་དང་། མི་དམངས། དུས་རབས་བཅས་ལ་ངོ་གནོང་མི་དགོས་པའི་བྱས་རྗེས་གསར་པ་འཇོག་དགོས།