འཚོལ་བཤེར།   
藏文频道
2022ལོའི་ཟླ་1ཚེས་14ཉིན།

༄༅།།ཡིག་ཆ་འདི་དམག་མིའི་སྨན་བཅོས་འགན་སྲུང་དང་འབྲེལ་བ་ཡོད། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་14ཉིན། 14:46】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཉེ་ཆར། དམག་ཞབས་ཐིམས་པའི་དམག་མིའི་ལས་དོན་པུའུ་དང་། ནོར་སྲིད་པུའུ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས། ཀྲུང་དབྱང་དམག་ཨུའི་རྒྱབ་ཕྱོགས་མཁོ་སྒྲུབ་འགན་སྲུང་པུའུ་བཅས་སྡེ་ཁག་དྲུག་གིས《དམག་ཞབས་ཐིམས་པའི་དབང་པོ་སྐྱོན་ཅན་གྱི་སྨན་བཅོས་འགན་སྲུང་བྱ་ཐབས》མཉམ་འབྲེལ་ཐོག་པར་འགྲེམས་བྱས་ཏེ་སྲིད་ཇུས་སྔར་ལས་འཐུས་ཚང་དུ་གཏོང་བ་དང་ལས་དོན་ཚད་ལྡན་དུ་བཏང་ནས་དམག་ཞབས་ཐིམས་པའི་དམག་མིའི་ཁྲིམས་མཐུན་ཁེ་དབང་སྔར་ལས་ལེགས་པའི་སྒོ་ནས་འགན་སྲུང་བྱས་པ་རེད།
     བྱེད་ཐབས་དེ་དམག་ཞབས་ཞུ་བའི་རིང་དམག་འཐབ་དང་། གཞུང་དོན། ནད་གཞིའི་རྐྱེན་པས་དབང་པོར་སྐྱོན་ཤོར་བ་བཅས་ཀྱི་དབང་སྐྱོན་གྱི་རིམ་པ་དང་དམག་ཞབས་ཐིམས་རྗེས་གསབ་འདེམས་སམ་ཡང་ན་བསྐྱར་དུ་དཔྱད་བསྡུར་གཏན་འབེབས་བྱས་པའི་དབང་པོ་སྐྱོན་ཅན་གྱི་དམག་ཞབས་ཐིམས་པའི་དམག་མིར་སྤྱོད་འཐུས། 
བྱ་ཐབས་ནང་འགན་སྲུང་གི་ནང་དོན་ལེགས་སུ་བཏང་བ་དང་། དམག་ཞབས་ཐིམས་པའི་དབང་པོ་སྐྱོན་ཅན་གྱི་དམག་མིའི“འགན་བཅོལ་དང་། རོགས་དངུལ། ཁ་གསབ། གཟིགས་སྐྱོང་བཅས་ཟུང་དུ་འབྲེལ་བའི”སྨན་བཅོས་འགན་སྲུང་སྲིད་ཇུས་མ་ལག་འཐུས་སྒོ་ཚང་དུ་བཏང་བ། དབང་པོ་སྐྱོན་ཅན་གྱི་དམག་ཞབས་ཐིམས་པའི་དམག་མིས་གཏན་འབེབས་ལྟར་གཞི་རྩའི་སྨན་བཅོས་འགན་སྲུང་ནང་ཞུགས་པ་དང་འབྲེལ་དེ་མཚུངས་ཀྱི་ཐོབ་ཐང་ལོངས་སུ་སྤྱོད་རྒྱུ་ཡོད་པ་དང་། ཆ་རྐྱེན་དང་མཐུན་པའི་དབང་པོ་སྐྱོན་ཅན་གྱི་དམག་ཞབས་ཐིམས་པའི་དམག་མིས་དེ་མཚུངས་ཀྱི་སྨན་བཅོས་རོགས་སྐྱོབ་ལོངས་སྤྱོད་བྱ་རྒྱུ་དང་། གཞི་རྩའི་སྨན་བཅོས་འགན་སྲུང་གི་ཐོབ་ཐང་ལོངས་སྤྱོད་བྱེད་པའི་རྨང་གཞིའི་ཐོག་གཏན་འབེབས་ལྟར་གཟིགས་སྐྱོང་བྱ་ཡུལ་གྱི་སྨན་བཅོས་ཁ་གསབ་དང་སྨན་བཅོས་སྒྲིག་གཞི་མི་འདྲ་བའི་སྨན་བཅོས་གཟིགས་སྐྱོང་ལོངས་སུ་སྤྱོད་ཆོག 
     བྱ་ཐབས་ནང་གཟིགས་སྐྱོང་ཁྱབ་ཁོངས་རྒྱ་ཆེར་གཏོང་རྒྱུའི་ཐད་གཏན་འབེབས་བྱས་ནས་དམག་ཞབས་ཐིམས་པའི་དབང་པོ་སྐྱོན་ཅན་གྱི་དམག་མིས་སྨན་བཅོས་སྒྲིག་གཞིར་སྨན་བཅོས་བྱེད་སྐབས་གཏན་འབེབས་ལྟར་སྔོན་ལ་ཐོ་འགོད་དང་། སྨན་ལེན། སྨན་ཡོན་སྤྲོད་པ། ཞིབ་བཤེར། སྨན་ཁང་དུ་སྡོད་པ་བཅས་ཀྱི་ཞབས་ཞུ་ལོངས་སྤྱོད་བྱ་རྒྱུ་དང་། གཟིགས་སྐྱོང་སྨན་ཁང་དུ་གཟིགས་སྐྱོང་གི་གཟུགས་པོར་བརྟག་དཔྱད་དང་། སྔོན་ལ་སྨན་བཅོས། ཞིབ་བཤེར། སྨན་ཁང་དུ་སྡོད་པ་སོགས་ཀྱི་ཞབས་ཞུ་ལོངས་སྤྱོད་བྱ་རྒྱུ་ཡོད་པ་མ་ཟད། སྤྱིར་བཏང་གི་སྒོ་བསྟེན་སྨན་ཁང་གི་ཐོ་འགོད་བྱེད་གླ་མི་དགོས། དམག་དཔུང་གི་སྨན་བཅོས་སྒྲིག་གཞིར་སྨན་པ་བསྟེན་སྐབས་འགན་རིམ་གཅིག་པའི་དངོས་ཞབས་དམག་མི་དང་ཆུ་ཚད་གཅིག་མཚུངས་ཀྱི་གཟིགས་སྐྱོང་ཡོད་པ་མ་ཟད། སྒོ་བསྟེན་སྨན་ཁང་གི་ཐོ་འགོད་བྱེད་གླ་མི་དགོས། 
     བྱ་ཐབས་ནང་མ་དངུལ་གཏོང་ཤུགས་ཁ་གསལ་བཟོས་ནས་རིམ་ཁག་ནོར་སྲིད་སྡེ་ཁག་ལ་གཏན་འབེབས་ལྟར་འགྲོ་གྲོན་འགན་སྲུང་དོན་འཁྱོལ་བྱེད་དགོས་པའི་བླང་བྱ་བཏོན་པ་དང་། ཞིང་ཆེན་རིམ་པའི་ནོར་སྲིད་ཀྱིས་འགན་འཁྲི་ཏན་ཏིག་འཁུར་ནས་གཞི་རིམ་གྱི་གནོན་ཤུགས་ཆུང་དུ་གཏོང་དགོས་པ་དང་། ཀྲུང་དབྱང་ནོར་སྲིད་ཀྱིས་གཏན་འབེབས་ལྟར་གཟིགས་སྐྱོང་བྱ་ཡུལ་གྱི་སྨན་བཅོས་འགན་སྲུང་གྲོན་དངུལ་ལ་ཁ་གསབ་འོས་འཚམ་བྱ་དགོས།
     ཐོན་ཁུངས་མཐུན་སྦྱོར་དང་། ཆ་འཕྲིན་མཉམ་སྤྱོད། མཇུག་བསྡོམས་རྩིས་རྒྱག་བཅས་ཀྱི་གོམ་སྟབས་གཅིག་མཚུངས། དབང་པོ་སྐྱོན་ཅན་གྱི་དམག་ཞབས་ཐིམས་པའི་དམག་མིའི་སྨན་བཅོས་འགྲོ་གྲོན་སྔོན་ལ་རང་གིས་གཏོང་བའི་གནོན་ཤུགས་ཆུང་དུ་བཏང་བ་བཅས་བྱ་ཆེད། བྱ་ཐབས་དེས་ལོངས་སྤྱོད་གོ་རིམ་ཚད་ལྡན་དུ་བཏང་ཡོད། དབང་པོ་སྐྱོན་ཅན་གྱི་དམག་ཞབས་ཐིམས་པའི་དམག་མིས་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་པ་དང་། སྨན་བཅོས་ཀྱི་ཁ་གསབ་ལོངས་སུ་སྤྱོད་པ། རྨས་སྐྱོན་རྙིང་པ་བསྐྱར་དུ་ཕོག་ནས་སྨན་བཅོས་འགྲོ་གྲོན་ཐག་གཅོད་བྱེད་པ་སོགས་ཀྱི་ལས་ཀའི་གོ་རིམ་ཁ་གསལ་བཟོས་ནས་ས་གནས་ཁག་གིས་སྨན་བཅོས་འགྲོ་གྲོན་གྱི“གཅིག་འཐུས་རྣམ་པའི”འགྲོ་གྲོན་བསྡོམས་རྩིས་རྒྱག་རྒྱུར་སྐུལ་འདེད་བཏང་ནས་ཞབས་ཞུའི་སྤུས་ཚད་དང་ཕན་འབྲས་སྔར་བས་མཐོ་རུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།