འཚོལ་བཤེར།   
藏文频道
2022ལོའི་ཟླ་1ཚེས་14ཉིན།

༄༅།།བོད་ལྗོངས་ནས་གནའ་རྫས་རྟོག་ཞིབ་གལ་ཆེན་4 གསར་དུ་རྙེད་ཡོད། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་14ཉིན། 13:49】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།བོད་ལྗོངས་ནས་གནའ་རྫས་རྟོག་ཞིབ་གལ་ཆེན་4 གསར་དུ་རྙེད་ཡོད།
     མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་13ཉིན་གྱི་སྔ་དྲོར། རྒྱལ་ཁབ་རིག་དངོས་ཅུས་ཀྱིས་བོད་ལྗོངས་གནའ་རྫས་རྟོག་ཞིབ་གསར་རྙེད་ཕྱོགས་བསྡོམས་ཚོགས་འདུ་འཚོགས་ནས། བོད་ལྗོངས་ནས་གནའ་རྫས་རྟོག་ཞིབ་བྱས་འབྲས་རྣམ་གྲངས་གལ་ཆེན་4རྙེད་ཡོད་པའི་བརྡ་ཁྱབ་བཏང་། 
    རྣམ་གྲངས་གལ་ཆེན་བཞི་བོ་རྡོ་ཆས་རྙིང་མའི་སྐབས་ཀྱི་གནའ་ཤུལ་དང་། ཡི་གེ་མ་བྱུང་གོང་གི་འདུས་སྡོད་གནའ་ཤུལ་དང་། འཛུགས་སྐྲུན། བང་སོ་ཡི་ཕྱོགས་བསྡུས་རང་བཞིན་གྱི་གནའ་ཤུལ། དེ་བཞིན་དུ་བཙན་པོའི་དུས་སྐབས་ཀྱི་བང་སོ་བཅས་ཀྱི་ནང་དོན་འདུས་ཤིང་། དུས་ཡུན་ལོ་ཁྲི་ལྷག་གི་ལོ་རྒྱུས་ཡོད་པ་རེད། 
   གཅིག  བྱེ་རག་གནའ་ཤུལ།
 བྱེ་རག་གནའ་ཤུལ་ནི་བོད་རང་སྐྱོང་ལྗོངས་མངའ་རིས་ས་ཁུལ་སྒར་རྫོང་དུ་གནས་པ་དང་། དེ་ནི་འཛམ་གླིང་གི་དུས་སྔ་མའི་རྡོ་ཆས་རྙིང་མའི་དུས་ཀྱི་རི་ཐང་དུ་གནས་པའི་གནའ་ཤུལ་ཞིག་རེད། 2020ལོར། རྒྱལ་ཁབ་རིག་དངོས་ཅུས་ཀྱི་ཆོག་མཆན་ཐོབ་པ་བརྒྱུད། བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་སུའོ་དང་ཀྲུང་གོ་ཚན་རིག་ཁང་གནའ་བོའི་སྒལ་ཚིགས་སྲོག་ཆགས་དང་གནའ་བོའི་མིའི་རིགས་ཞིབ་འཇུག་ཁང་གིས་མཉམ་འབྲེལ་ཐོག་གནའ་ཤུལ་ལ་གནའ་རྫས་རྟོག་ཞིབ་དང་སྔོག་འདོན་བྱས་པ་རེད།  
   བྱེ་རག་གནའ་ཤུལ་དུ་གནའ་རྫས་རྟོག་ཞིབ་བྱེད་སྐབས་ས་རིམ་རྒྱུན་མཐུད་ངང་སྤུངས་ཡོད་པ་དང་། ཤུལ་བཞག་དངོས་རྫས་5000ལྷག་ཙམ་རྙེད་ཡོད། དེའི་ནང་རྡོ་ཆས་མང་པོ་དང་། སྲོག་ཆགས་ཀྱི་རུས་པ་དང་བསྲེགས་རྡོ་ཉུང་ཙམ་བཅས་ཡོད་པ་མ་ཟད། ད་དུང་མེ་རྫིང་དང་ཐལ་དོང་སོགས་ཀྱི་རྗེས་ཤུལ་ཡང་རྙེད་ཡོད། དེའི་ཁྲོད་རྡོ་ཆས་འདུས་ཚད་ཆེ་ཁུལ་ཞིག་ཏུ་ས་ནས་རྙེད་པའི་ཤུལ་བཞག་དངོས་རྫས་2000ལས་བརྒལ་ཞིང་།  དེ་ནི་གནའ་མིས་རྡོ་ཆས་བཟོས་པ་དང་། ས་དེ་གར་སྦས་པའི་རྗེས་ཤུལ་ཡིན་པ་ཚོད་དཔག་བྱས་ཡོད།
   བྱེ་རག་གནའ་ཤུལ་ནི་བོད་ལྗོངས་ནུབ་རྒྱུད་ཀྱི་བརྒྱུད་རིམ་ལྡན་པའི་སྔོག་འདོན་བྱས་པའི་ཡི་གེ་མ་བྱུང་གོང་གི་རི་ཐང་རྗེས་ཤུལ་ཞིག་ཡིན་པ་དང་། མཚོ་བོད་ས་མཐོའི་དབུས་རྒྱུད་དུ་མཐོང་དཀོན་ཞིང་། ས་རིམ་གསལ་པོ་ཡོད་པའི་ཡི་གེ་མ་བྱུང་གོང་དུ་མིའི་རིགས་ཀྱི་བྱེད་སྒོའི་རྗེས་ཤུལ་ཞིག་ཡིན་པས། མཚོ་བོད་ས་མཐོའི་དབུས་རྒྱུད་དུ་ད་བར་གྱི་ལོ་8000ནས་10000ལོའི་བར་གྱི་ཡི་གེ་མ་བྱུང་གོང་གི་ལོ་རྒྱུས་ཀྱི་གནའ་རྫས་རྟོག་ཞིབ་རིག་གནས་ཀྱི་སྟོང་ཆ་བསྐངས་ཡོད།
   གཉིས། མ་བུ་མཚོ་གནའ་ཤུལ།
མ་བུ་མཚོ་གནའ་ཤུལ་ནི་བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་ཁང་དམར་རྫོང་དུ་གནས་པ་དང་། དེ་ནི་ད་བར་ལོ་4000ཙམ་གྱི་ཡི་གེ་མ་བྱུང་གོང་གི་འདུས་སྡོད་གནའ་ཤུལ་ཞིག་རེད། 2020ལོ་ནས་2021ལོའི་བར། རྒྱལ་ཁབ་རིག་དངོས་ཅུས་ཀྱི་ཆོག་མཆན་ཐོབ་པ་བརྒྱུད། ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོའི་ཞིབ་འཇུག་སུའོ་དང་། པེ་ཅིང་སློབ་ཆེན། བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་སུའོ་བཅས་ཀྱིས་མཉམ་འབྲེལ་ཐོག་རྗེས་ཤུལ་ལ་གནའ་རྫས་རྟོག་ཞིབ་ལས་དོན་སྤེལ་བ་རེད།
   མ་བུ་མཚོ་གནའ་ཤུལ་དུ་གནའ་རྫས་རྟོག་ཞིབ་བྱས་ནས་སྔོག་འདོན་བྱས་པའི་བང་སོ་10དང་དེ་བཞིན་མེ་རྫིང་དང་ཐལ་དོང་སོགས་མིའི་རིགས་ཀྱི་འཚོ་བའི་རྗེས་ཤུལ་ཡོད་ཅིང་། རྡོ་ཆས་དང་། རྫ་ཆས། རུས་ཆས། ཉ་ལྕིབས་ཀྱི་རྒྱན་ཆ། འདྲེད་རྡོ་རིལ་བུ། གཡང་ཊིའི་སྦུ་གུའི་རིལ་བུ་སོགས་ཀྱི་ཤུལ་བཞག་དངོས་པོ་མཐོང་རྒྱུ་ཡོད།
   གསུམ། གད་པ་སེར་རུལ་གནའ་ཤུལ།
གད་པ་སེར་རུལ་གནའ་ཤུལ་ནི་བོད་རང་སྐྱོང་ལྗོངས་མངའ་རིས་ས་ཁུལ་རྩ་མདའ་རྫོང་དུ་གནས་པ་དང་ད་བར་ལོ་3600ནས་2100བར་སོང་ཡོད། དེ་ནི་སྐྲུན་དངོས་དང་བང་སོ་ཚུད་པའི་ཕྱོགས་བསྡུས་རང་བཞིན་གྱི་གནའ་ཤུལ་ཞིག་རེད། 2017ལོ་ནས་2020ལོ་བར། རྒྱལ་ཁབ་རིག་དངོས་ཅུས་ཀྱི་ཆོག་མཆན་ཐོབ་པ་བརྒྱུད། བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་སུའོ་ཡིས་ཧྲའན་ཞི་ཞིང་ཆེན་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་དང་ནུབ་བྱང་སློབ་ཆེན་དང་མཉམ་འབྲེལ་བྱས་ཏེ་གནའ་ཤུལ་ལ་རྒྱུན་མཐུད་གནའ་རྫས་རྟོག་ཞིབ་ལས་དོན་སྤེལ་བ་རེད།
   གད་པ་སེར་རུལ་གནའ་ཤུལ་ནས་གནའ་རྫས་རྟོག་ཞིབ་ཀྱིས་བང་སོ་20དང་།  རྡོའི་གནའ་ཤུལ་4།  རྡོའི་གྱང་1སྔོག་འདོན་བྱས་ཡོད་པ་རེད། བང་སོ་ནི་དུས་སྐབས་སྔ་ཕྱི་གཉིས་སུ་དབྱེ། དུས་སྐབས་དང་པོར་ད་བར་ལོ་3600ནས་ལོ་3000ཕྱིན་འདུག  དེ་ནི་རྡོ་ཁང་གི་བང་སོ་གཙོ་བོ་ཡིན་ཞིང་། དུར་སྦས་རྣམ་པ་ནི་གཙོ་བོ་ཡར་བཀྱགས་ནས་ཡན་ལག་དྲང་མོ་བྱས་ཏེ་དུར་དུ་འཇུག་པ་དང་། དེ་དང་འགྲོགས་ནས་དུར་དུ་འཇུག་པར་ཚོན་བྲིས་རྫ་བུམ་དང་། ཕྲེང་བའི་རྒྱན་ཆ། ཟངས་ཀྱི་རྒྱན་ཆ། རྡོ་ཆས་སོགས་ཡོད། དུས་སྐབས་གཉིས་པ་ད་བར་སྤྱི་ལོ་2700ནས་ནས་2100ཕྱིན་འདུག  དེ་ནི་དུར་ས་གཙོ་བོ་ཡིན་ཞིང་། དེའི་རིགས་ཕུན་སུམ་ཚོགས་ཤིང་། དུར་རྫས་ཀྱི་རྣམ་པ་ནི་གཞོགས་སུ་རྐང་པ་གུག་ནས་དུར་དུ་འཇུག་པ་དང་། རུས་སྒྲུག་ནས་ཡང་བསྐྱར་དུར་དུ་འཇུག་པ་སོགས་ཡོད། དུར་རྫས་རྫ་ཆས་ཀྱི་ནང་དུ་མཐའ་བྱེ་དམར་ཡིན་པའི་རྫ་ཆས་ཀྱིས་གཙོ་བོ་བྱས་ཡོད་ལ། ཡོ་བྱད་ཀྱི་བཟོ་ལྟ་ཅུང་ཆེ་བ། མང་ཆེ་ཤོས་ནི་རྩུབ་རིས་དང་། རི་མོ་དང་ཐམ་རིས་སོགས་རེད་འདུག 
   བཞི། འདམ་གཞུང་བང་སོ། 
ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་དུ་གནས་པའི་འདམ་གཞུང་བང་སོ་ནི་བོད་བཙན་པོའི་དུས་ཀྱི་བང་སོ་ཞིག་རེད། 2020ལོ་ནས་2021ལོའི་བར། རྒྱལ་ཁབ་རིག་དངོས་ཅུས་ཀྱི་ཆོག་མཆན་ཐོབ་པ་བརྒྱུད། བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་སུའོ་ཡིས་ཀྲེ་ཅང་ཞིང་ཆེན་རིག་དངོས་གནའ་རྫས་རྟོག་ཞིབ་ཞིབ་འཇུག་སུའོ་དང་མཉམ་འབྲེལ་ཐོག་བང་སོར་གནའ་རྫས་རྟོག་ཞིབ་སྔོག་འདོན་བྱས་པ་རེད།
   འདམ་གཞུང་བང་སོར་དུར་52རྙེད་པ་དང་། དེའི་ནང་14སྔོག་འདོན་བྱས་ཡོད་པ་རེད། བང་སོ་ཆེ་གྲས་ལ་ས་ཀོང་རྡོ་ཁང་གི་བང་སོ་དང་ལྡིར་དབྱིབས་རྡོ་ཁང་གི་བང་སོའི་རིགས་ཆེན་པོ་གཉིས་ཡོད། བང་སོ་ཆུང་གྲས་ལ་རྡོ་ཁང་གི་དུར་ས་དང་ས་དོང་གི་བང་སོ། བང་སོའི་མཐའ་རུ་རྡོ་དང་རྡོ་ལེབ་སོགས་བརྩིགས་པའི་གྱང་ཡོད། དུར་འཇུག་གི་རྣམ་པ་གཙོ་བོ་ནི་རུས་སྒྲུག་ནས་བསྐྱར་དུ་དུར་འཇུག་ཡིན་པ་དང་། སྲོག་ཆགས་ཀྱི་དུར་རྫས་ཅུང་ཁྱབ་ཆེ་བ། གཙོ་བོ་ཁྱི་དང་། རྟ། ནོར། ལུག་སོགས་ཡོད། གསེར་དངུལ་ཡོ་བྱད་དང་། གསེར་ཁྱི་མགོ་མ། མུ་མེན། མ་ནོ།ཟངས་ཆས། འཐག་རྫས་སོགས་ཡོ་བྱད་སྣ་ཚོགས་300ལྷག་ཡོད། ཐཱན་བཅུ་བཞི་ཡི་ཚད་ལེན་ལས་མཚོན་པར་གཞིགས་ན། བང་སོ་ནི་སྤྱི་ལོའི་དུས་རབས་7པ་ནས་9པའི་བར་ཡིན་པ་རེད།
༄༅།།བོད་ལྗོངས་ནས་གནའ་རྫས་རྟོག་ཞིབ་གལ་ཆེན་4 གསར་དུ་རྙེད་ཡོད།
༄༅།།བོད་ལྗོངས་ནས་གནའ་རྫས་རྟོག་ཞིབ་གལ་ཆེན་4 གསར་དུ་རྙེད་ཡོད།
༄༅།།བོད་ལྗོངས་ནས་གནའ་རྫས་རྟོག་ཞིབ་གལ་ཆེན་4 གསར་དུ་རྙེད་ཡོད།