འཚོལ་བཤེར།   
藏文频道
2022ལོའི་ཟླ་1ཚེས་14ཉིན།

༄༅།།ཀྲུང་གོ་དང་དབྱི་ཐ་ལིའི་གངས་འཁྱགས་ལས་འབྲེལ། དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་14ཉིན། 13:25】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་ཡོའི་རིག་གནས་དུས་གཏན་མེ་འཁོར(སྨི་ལན་བབས་ཚུགས)—ཀྲུང་གོ་དང་དབྱི་ཐ་ལིའི་གངས་འཁྱགས་ལས་འབྲེལ་ཞེས་པའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་གྱི་འགོ་ཚུགས་མཛད་སྒོ་ཚེས་11ཉིན“དྲ་ཐོག+དྲ་ཕྱི”ཟུང་འབྲེལ་རྣམ་པའི་ཐོག་ནས་པེ་ཅིང་དང་དབྱི་ཐ་ལིའི་སྨི་ལན་དུ་དུས་གཅིག་ཏུ་གཉེར་བ་རེད།
     དབྱི་ཐ་ལིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ལི་ཅུན་ཧྭ་དང་། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱི་གསར་འགྱུར་མགྲིན་ཚབ་པ་ཡན་ཅ་རུང་། དབྱི་ཐ་ལིའི་རྒྱལ་སྤྱིའི་ལུས་རྩལ་གློག་བརྙན་བརྙན་འཕྲིན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་དང་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་གྱི་རིག་གནས་དང་ཨོ་ལིམ་ཕིག་ཤུལ་བཞག་ཨུ་ལྷན་གྱི་ཨུ་ཡོན་ཧྥུའུ་ལན་ཁེ·ཨ་སི་ཁཱ་ཉི། ཀྲུང་གོ་ཕྱི་རྒྱལ་སྐད་ཡིག་དཔེ་སྐྲུན་འགྲེམས་སྤེལ་བྱ་གཞག་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལུའུ་ཚའེ་རུང་བཅས་བྱེད་སྒོར་ཞུགས་པ་དང་འབྲེལ་ཤིས་ཚིག་ཀྱང་བསྒྲོན་པ་རེད།
     ལི་ཅུན་ཧྭ་ཡིས། དབྱི་ཐ་ལི་ཕྱོགས་ཀྱི་ལས་རིགས་ཁག་གི་མི་སྣས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་རེ་སྒུག་ཆེན་པོ་དང་རྒྱབ་སྐྱོར་ཧུར་ཐག་བྱས་པ་མཐོང་དུས་དངོས་འབྲེལ་དགའ་ཚོར་ཆེན་པོ་བྱུང་། རྒྱལ་ཁབ་གཉིས་པོའི་ཨོ་ལིམ་ཕིག་ཨུ་ལྷན་གྱིས《དགུན་དུས་ལུས་རྩལ་གྱི་མཉམ་ལས་བསམ་ཤེས་དྲན་ཐོར》གསར་དུ་མིང་རྟགས་བཀོད་ཡོད། དགུན་དུས་ཨོ་རྩལ་འགྲན་ཚོགས་སྐབས་གཅིག་གི་དུས་ཚོད་རིང་པོ་མེད་རུང་། དགུན་དུས་ཨོ་རྩལ་འགྲན་ཚོགས་ལས་བྱུང་བའི་ལས་འཕྲོ་དེ་མུ་མཐུད་རྒྱུན་འཛིན་བྱེད་ཆོག 2022ལོ་ནི“ཀྲུང་དབྱིའི་རིག་གནས་དང་ཡུལ་སྐོར་ལོ”ཡིན་པ་དང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་ནང་དོན་གྱི་ཤུགས་རྐྱེན་འོག རྒྱལ་ཁབ་གཉིས་པོའི་མི་ཆོས་རིག་གནས་སྤེལ་རེས་དང་དངོས་སྒྲུབ་མཉམ་ལས་ལ་དེ་བས་ཆེ་བའི་འཕེལ་རྒྱས་གསར་པ་ཡོང་རྒྱུ་རེད་ཅེས་བརྗོད།
     ཡན་ཅ་རུང་གིས། ད་ཐེངས་ཀྱི་འགྲེམས་སྟོན་ནང་ཀྲུང་དབྱི་རྒྱལ་ཁབ་གཉིས་པོའི་གངས་འཁྱགས་རིག་གནས་གསོན་ཉམས་དོད་པོས་མངོན་པ་མ་ཟད། ཕྱོགས་གཉིས་པོའི་གྲུབ་འབྲས་གཟེངས་སུ་ཐོབ་པའི་ཨོ་རྩལ་འགྲན་ཚོགས་ཀྱི་མཉམ་ལས་ཀྱང་མངོན་པས་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱིས་སེམས་རྩ་འཁོལ་པོས་དབྱི་ཐ་ལིའི་ལུས་རྩལ་པ་ཚུད་པའི་འཛམ་གླིང་གི་ལུས་རྩལ་པ་ཡོངས་ལ་ཞབས་འདེགས་ཡག་པོ་ཞུ་རྒྱུ་རེད། ཀྲུང་གོ་ཕྱོགས་ཀྱིས་དབྱི་ཐ་ལི་ཕྱོགས་དང་མུ་མཐུད་འབྲེལ་གཏུག་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། ཨོ་རྩལ་འགྲན་ཚོགས་གཉེར་བའི་ཉམས་མྱོང་སྤེལ་རེས་བྱས་ནས། རྒྱལ་ཁབ་གཉིས་པོས་ཨོ་རྩལ་འགྲན་ཚོགས་ལས་སྟེགས་སུ་བྱས་ཏེ་དེ་བས་མང་བའི་སྤེལ་རེས་མཉམ་ལས་བྱེད་པར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བརྗོད་པ་རེད།
     ཧྥུའུ་ལན་ཁེ·ཨ་སི་ཁཱ་ཉི་ཡིས། ཨོ་རྩལ་འགྲན་ཚོགས་ནི་མགྲོན་བདག་རྒྱལ་ཁབ་ཀྱི་རིག་གནས་འཕེལ་རྒྱས་གཏོང་བ་དང་མཚོན་པར་བྱེད་པའི་གོ་སྐབས་བཟང་པོ་ཞིག་རེད། ཨོ་རྩལ་འགྲན་ཚོགས་ཀྱིས་རིག་གནས་མི་འདྲ་བའི་དབར་བསམ་ཤེས་དང་བསྟུན་མཁས་བྱ་རྒྱུར་སྐུལ་མ་གཏོང་ཐུབ། སྐབས་རྗེས་མའི་དགུན་དུས་ཨོ་རྩལ་འགྲན་ཚོགས་གཉེར་ཡུལ་སྨི་ལན—ཁོའོ་ཏི་ན་ཏན་ཐེ་ཙུའོ་ཡིས་ཀྲུང་གོར་དོ་ཁུར་ཧ་ཅང་ཆེན་པོ་བྱེད་བཞིན་ཡོད། 2022ལོའི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱིས“དེ་བས་མྱུར་བ་དང་། དེ་བས་མཐོ་བ། དེ་བས་སྟོབས་ཆེ—དེ་བས་མཐུན་སྒྲིལ”བཅས་ཀྱི་ཨོ་ལིམ་ཕིག་གི་ལེགས་བཤད་ལག་ལེན་ནུས་ལྡན་བསྟར་རྒྱུ་རེད་ཅེས་བརྗོད།
     ལུའུ་ཚའེ་རུང་གིས། ཀྲུང་གོ་དང་དབྱི་ཐ་ལི་ནི་ཤར་ནུབ་ཤེས་དཔལ་གྱི་ཕུལ་བྱུང་མཚོན་བྱེད་ཅིག་ཡིན་པས་ཤེས་དཔལ་རླབས་པོ་ཆེ་གཉིས་ཀྱི་མཛའ་མཐུན་སྤེལ་རེས་ཀྱི་ལོ་རྒྱུས་ཡུན་རིང་ལྡན་ཡོད། དབྱི་ཐ་ལིའི་གྲགས་ཅན་རྩོམ་པ་པོ་མོ་ལ་ཝུའེ་ཡ་ཡིས་བརྗོད་པ་བཞིན། མཛའ་མཐུན་ནི་སྟེས་དབང་གི་གདམ་ག་ཞིག་མིན་པར་འདོད་བློ་མཐུན་པའི་འབྲས་བུ་ཞིག་རེད། ཀྲུང་གོ་ཕྱི་རྒྱལ་སྐད་ཡིག་དཔེ་སྐྲུན་འགྲེམས་སྤེལ་བྱ་གཞག་ཅུས་ཀྱིས་ད་ཐེངས་ཀྱི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་བྱེད་སྒོ་དེ་འགོ་འཛུགས་ས་གསར་པར་བྱས་ནས། དབྱི་ཐ་ལིའི་སྒྲིག་གཞི་དེ་བས་མང་བ་དང་མཉམ་ལས་བྱས་ཏེ་རྒྱལ་ཁབ་གཉིས་པོའི་ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་རྒྱུ་དང་སྤེལ་རེས་བྱེད་ཟབ་ཏུ་གཏོང་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་བརྗོད།