འཚོལ་བཤེར།   
藏文频道
2022ལོའི་ཟླ་1ཚེས་14ཉིན།

༄༅།།“ལྕེ་ཐོག་གི་གྲོན་ཆུང”ཆུང་བྱིས་པའི་དུས་ནས་དམ་འཛིན་བྱེད་དགོས།

—— མཚོ་སྔོན་ཟི་ལིང་གིས་ཧུར་བསྲི་གྲོན་ཆུང་བྱེད་ཚུལ་དར་སྤེལ་བཏང་བའི་མཐོང་ཐོས།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་14ཉིན། 13:20】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ལི་ཉིང་།
     “ཕན་ཚུན་གུས་ཞབས་དང་། འབྲུ་རིགས་ལ་གཅེས་སྤྲས། འཕྲོ་བརླག་མི་གཏོང་བ། ཡ་རབས་ངང་ཟ་མ་ཟ་བ”ཞེས་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ཉི་འོད་སློབ་ཆུང་གི་ཟ་ཁང་སྒོ་འགྲམ་དུ་སློབ་ཆུང་གི་སློབ་ཕྲུག་ཆུང་ཆུང་ཚོས་ཁ་རས་བརྒྱབ་ནས་འབོད་ཚིག་དེ་སྒྲོག་བཞིན་གྲལ་སྟར་འགྲིག་པོས་ཟ་ཁང་དུ་སྐྱོད་བཞིན་ཡོད། སྒོ་འགྲམ་དུ་སྦྱར་བའི་ཚལ་ཐོའི་ཐོག“ཤ་རིལ་བརྔོས་མ་དང་། ཞོག་ཁོག་ཤ་བརྔོས། ཡུས་ཤང་ཤ་སིལ”བཅས་འཁོད་ཡོད།
     ཤོག་པང་གིས་ལོགས་སུ་བཅད་པའི་སྒྲོག་ཙེའི་ཐོག་ལོ་རིམ་གསུམ་པའི་འཛིན་གྲྭ་བཞི་པའི་རེན་གོ་ཡུན་གྱིས་ཕོར་པའི་ནང་གི་འབྲས་ཚལ་གཙང་མར་བཟས་ཤིང་། “དེ་གོང་ཕ་མ་གཉིས་དང་མཉམ་དུ་ཕ་ཡུལ་དུ་ལོག་སྐབས་ཞིང་ནང་དུ་ཞིང་པ་རྒད་པོས་ངལ་བ་ཆེན་པོས་ཞིང་ཁ་འདེབས་པ་མཐོང་དུས། རྒན་ལགས་ཀྱིས་བསླབས་གནང་བའི‘ཉིན་གུང་ཚ་བས་གདུང་བའི་ཞིང་ནང་དུ། རྔུལ་ཆུའི་ཐིགས་པ་རེ་རེ་བཞིན་དུ་ལྷུངས། ཕོར་པའི་ནང་གི་འབྲུ་རྡོག་རེ་རེ་ལ། དཀའ་བ་ཚད་མེད་སྤྱད་པ་སུ་ཡིས་ཤེས’ཞེས་པ་ལྷང་ངེར་དྲན་བྱུང་། ཟས་རིགས་འཕྲོ་བརླག་གཏན་ནས་གཏོང་རྒྱུ་མེད”ཅེས་བཤད།
     “ང་ཕྲུ་གུ་དེར་བག་ཆགས་ཟབ་མོ་འདུག ཉིན་ལྟར་ལྟོ་ཆས་གཙང་ཤོས་ཟ་གི་ཡོད”ཅེས་ཉི་འོད་སློབ་ཆུང་གི་སློབ་སྤྱི་ཧྲན་ཡིའུ་ཆིང་གིས་སློབ་གྲྭའི་སློབ་མ་མང་ཆེ་བ་ནི་ཉེ་འཁོར་གྱི་གྲོང་གསེབ་ནས་ཡིན་པ་དང་ཕྲུ་གུ་ཁག་གཅིག་གི་ཁྱིམ་དུ་ད་དུང་ཞིང་ཁ་འདེབས་ཀྱི་ཡོད། ཁོང་ཚོར་ཆུང་དུས་ནས་ཧུར་བསྲི་གྲོན་ཆུང་དང་འཕྲོ་བརླག་མི་གཏོང་བའི་གོམས་གཤིས་འཇགས་ཡོད་ཅེས་ངོ་སྤྲོད་བྱས།
     སློབ་ཆུང་ནི་ཕྲུ་གུ་འཚར་ལོངས་ཡོང་བའི་འགག་རྩའི་དུས་སྐབས་ཤིག་ཡིན་པས། ཕྲུ་གུ་ཁག་གཅིག་གིས་གྲོད་པ་རྒྱགས་མི་ཡོང་བསམས་ནས་ཟ་མ་ཚད་ལས་བརྒལ་བ་ལེན་པར་བསམ་གཞིག་བྱས་ནས་ཉི་འོད་སློབ་ཆུང་གི་ཟ་ཁང་ནས་ཟ་མ་ཐེངས་མང་པོ་ལེན་ཆོག་པའི་ལམ་སྲོལ་ཁྱབ་གདལ་བཏང་ཡོད། ཧྲན་ཡིའུ་ཆིང་གིས“ཕྲུ་གུ་ཚོས་རང་ཉིད་ཀྱི་ཟ་ཚོད་ལ་གཞིགས་ནས་ཟ་མ་ལེན་ཆོག་པ་དང་མ་འདང་ཚེ་སླར་ཡང་ལེན་ཆོག་གི་ཡོད”ཅེས་བཤད།
     “ཨ་ཅག་ལགས། ང་ལ་སྡེར་ཆེན་བྱ་ཤ་ཕྱེད་ཀ་དང་འབྲས་ཕོར་པ་ཕྱེད་ཀ་བླུགས་རོགས”ཞེས་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་ལྔ་པའི་ཟ་ཁང་གི་ཚལ་རིགས་ཕྱེད་ཀ་ལེན་སའི་སྐར་ཁུང་མདུན་དུ་སློབ་མཇུག་ཡིག་རྒྱུཌ་མཇུག་འགྲིལ་མ་ཐག་པའི་བསོད་ནམས་དབང་མོས་གུང་ཟས་ལེན་བཞིན་དུ་བཤད་པ་དང་། ཁོང་གིས“དེ་དག་བཟས་རྗེས་མ་རྒྱཌ་ན་སླར་ཡང་ལེན་ཆོག མང་པོ་བླངས་ན་འཕྲོ་བརླག་འགྲོ་གི་རེད”ཅེས་བཤད།
     ཟི་ལིང་གྲོང་ཁྱེར་སློབ་འབྲིང་ལྔ་པའི་ཟ་ཁང་ནང་འབྲུ་རིགས་གྲོན་ཆུང་བྱེད་དགོས་པའི་དྲིལ་བསྒྲགས་གསལ་བརྡ་སྣ་ཚོགས་སྦྱར་ཡོད་པ་དང་LEDགློག་རྡུལ་བརྙན་ཤེལ་ཐོག“ཟ་མ་འབྲུ་རྡོག་རེ་རེ་ནི་དཀའ་བ་ཚད་མེད་སྤྱད་ནས་བྱུང་བ་ཡིན”ཞེས་པ་སོགས་ཀྱི་ཡི་གེ་ཡང་སྐོར་བསྐྱར་སྐོར་ངང་བསྟན་གྱི་ཡོད།
     ཚལ་ལེན་སའི་སྐར་ཁུང་དུ་ཕོར་པ་ཆུང་ཆུང་ནང་བླུགས་པའི་ཚལ་སྣ་ཁ་བཅུ་ལྷག་ཙམ་བསྒྲིགས་ནས་བཞག་ཡོད། མཐོ་རིམ་སློབ་འབྲིང་ལོ་རིམ་གཉིས་པའི་འཛིན་གྲྭ་12པའི་ཧྥུའུ་ཧྲི་ཡིའུ་ཡིས་ཞོག་སིལ་སྐྱུར་ཚ་དང་བྱ་ཤ་བརྔོས་མ་བླངས་པར་སྒོར་12ལས་ཕྱིན་མེད། ཁོང་གིས“སློབ་གྲྭའི་ཚལ་གྱི་སྣ་ཁ་ཕུན་སུམ་ཚོགས་ལ་རིན་གོང་ཡང་ཁེ་པོ་འདུག ངས་ཟ་འདོད་པ་འདེམས་ཆོག་ལ་ག་ཚོད་བཟའ་འདོད་པ་དེ་ལེན་ཆོག་པས་སྤྱིར་འཕྲོ་བརླག་འགྲོ་གི་མི་འདུག”ཅེས་བཤད།
     གསར་འགོད་པར་ཟི་ལིང་གྲོང་ཁྱེར་སློབ་གསོ་ཅུས་ནས་ཤེས་རྟོགས་བྱུང་བར། ཟི་ལིང་གྲོང་ཁྱེར་གྱིས་སློབ་གྲྭ་དང་བུ་བཅོལ་ཁང་ཁག་སྒྲིག་འཛུགས་བྱས་ནས“སྡེར་གཙང་བྱ་སྤྱོད”སྤེལ་ཏེ། ཟ་ཁང་གཉེར་སྐྱོང་བྱེད་སྟངས་གསར་གཏོད་བྱས་པ་དང་ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་ལས་དོན་སྤེལ་ནས“ལྕེ་ཐོག་གི་གྲོན་ཆུང”ཆུང་བྱིས་པའི་དུས་ནས་དམ་འཛིན་བྱས་ཏེ་རྒྱས་སྤྲོས་ཆུད་ཟོས་གཏན་ནས་མི་གཏོང་བར་བྱ་སྤྱོད་ངོ་མའི་ཐོག་ནས་སློབ་གྲྭའི་ཤེས་དཔལ་དང་གྲོན་ཆུང་གི་དར་སྲོལ་བཟང་པོ་བཏོད་ཡོད་པ་རེད།