འཚོལ་བཤེར།   
藏文频道
2022ལོའི་ཟླ་1ཚེས་14ཉིན།

༄༅།།མཚོ་སྔོན་འཇུ་ལག་གི་ས་ཡོམ་རིམ་པ་6.9ཡི་ས་གས་ས་བཀྲ་ཁྱབ་བསྒྲགས་བྱས་པ། ས་གས་ཚད་རིམ་པ་མཐོ་ཤོས་ཏུའུ་9ལ་སླེབས་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་14ཉིན། 13:16】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་1ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཟླ་1ཚེས་11ཉིན་གྱི་དགོང་མོར་གསར་འགོད་པར་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། མཚོ་སྔོན་འཇུ་ལག་གི་ས་ཡོམ་རིམ་པ་6.9ཡི་ས་གས་ས་བཀྲ་ཁྱབ་བསྒྲགས་བྱས་པ་དང་། ས་གས་ས་བཀྲའི་ནང་། ད་ཐེངས་ས་ཡོམ་གྱི་ས་གས་རིམ་པ་མཐོ་ཤོས་ཏུའུ་IX(ཏུའུ་9)ལ་སླེབས་པ་དང་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་157ཙམ་ཟིན་པ་མངོན་ཡོད།
     2022ལོའི་ཟླ་1ཚེས་8ཉིན་གྱི་ཆུ་ཚོད་1དང་སྐར་མ་45ལ་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་འཇུ་ལག་ཧུད་རིགས་རང་སྐྱོང་རྫོང(བྱང་གི་འཕྲེད་ཐིག་ཏུའུ་37.77དང་ཤར་གྱི་གཞུང་ཐིག་ཏུའུ་101.26)དུ་ས་ཡོམ་རིམ་པ་6.9བརྒྱབ་ནས་ཡོམ་ཁུངས་ཀྱི་གཏིང་ཚད་སྤྱི་ལེ་10ཟིན་ཡོད། ས་ཡོམ་བརྒྱབ་རྗེས་ཀྲུང་གོ་ས་ཡོམ་ཅུས་ཀྱི་བཀོད་སྒྲིག་གཞིར་བཟུང་། མཚོ་སྔོན་ཞིང་ཆེན་ས་ཡོམ་ཅུས་ཀྱིས་ཀན་སུའུ་ཞིང་ཆེན་ས་ཡོམ་ཅུས་དང་མཉམ་དུ་ཉིང་ཞ་ཧུད་རིགས་རང་སྐྱོང་ལྗོངས་ས་ཡོམ་ཅུས་དང་། ཀྲུང་གོ་ས་ཡོམ་ཅུས་ལས་གྲྭ་ཤུགས་རིག་ཞིབ་འཇུག་ཁང་། ཀྲུང་གོ་ས་ཡོམ་གནོད་འཚེ་སྔོན་འགོག་ལྟེ་གནས། ཀྲུང་གོ་ས་ཡོམ་ཅུས་ཀྱི་ལྟ་ཞིབ་ཚད་ལེན་ལྟེ་གནས་དང་པོ་བཅས་ཀྱི་འབྲེལ་ཡོད་མི་སྣ་103ལས་གྲུབ་པའི་ས་གནས་ས་ཐོག་ཏུ་སྐྱོད་མཁན་ལས་དོན་རུ་ཁག་བཙུགས་ཏེ། མཚོ་སྔོན་དང་ཀན་སུའུ་ཡི་རྫོང་དང་ཆུས་12ཀྱི་བརྟག་ཞིབ་ས་ཚིགས་223ལ་ས་ཡོམ་གནོད་འཚེའི་བརྟག་ཞིབ་དང་སྐོར་སྐྱོད་ལྟ་དཔྱད་ཚད་འཇལ་བྱས་པ་མ་ཟད། ཡོམ་ཁུལ་དཔྱད་ཆས་80ཡིས་བརྟག་དཔྱད་བྱས་པའི་ས་གས་ཚད་ཀྱི་གྲངས་གཞི་དང་། ས་ཡོམ་གྲུབ་ཆའི་རྒྱབ་ལྗོངས། ཡོམ་འཕྲོའི་ཁྱབ་ཚུལ། ཡོམ་ཁུངས་ལམ་སྲོལ། རྒྱང་ཚོར་བརྙན་པར་སོགས་ཚན་རྩལ་འདེགས་སྐྱོར་གྱི་གྲུབ་འབྲས་ཕྱོགས་བསྡུས་ངང་སྤྱད་དེ། ད་ཐེངས་ས་ཡོམ་གྱི་ས་གས་ཚད་གཏན་འཁེལ་བྱས་ནས《མཚོ་སྔོན་འཇུ་ལག་གི་ས་ཡོམ་རིམ་པ་6.9ཡི་ས་གས་ས་བཀྲ》རྩོམ་འབྲི་བྱས་པ་རེད།
     མཚོ་སྔོན་ཞིང་ཆེན་ས་ཡོམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་མཱ་ཡུས་ཧུའུ་ཡིས། ད་ཐེངས་འཇུ་ལག་ལ་བརྒྱབ་པའི་ས་ཡོམ་ལས་ས་ངོས་སྤྱི་ལེ་22ཙམ་གས་པ་དང་གས་ཚད་ཏུའུ་IX(ཏུའུ་9)ཁུལ་གྱི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་157ཙམ་ཟིན་ནས། གཙོ་བོ་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་འཇུ་ལག་ཧུད་རིགས་རང་སྐྱོང་རྫོང་རྒྱལ་མཁར་ནང་སོག་ཤང་དང་། བསོད་སྐྱིད་ཐང་ཤང་། མདོ་ལ་རྫོང་ཨ་རིག་ཤང་། གསེར་ཐང་གྲོང་རྡལ་བཅས་དང་འབྲེལ་ཡོད།
     ས་ཡོམ་གྱིས་ས་གས་ཚད་གཙོ་བོ་ས་ངོས་དང་སྡོད་ཁང་སོགས་འཛུགས་སྐྲུན་དངོས་པོར་ས་ཡོམ་གྱི་གཏོར་སྐྱོན་ཕོག་པ་ལས་མངོན་ཞིང་། དེའི་ནང་བསྐྲུན་དངོས་གཏོར་སྐྱོན་དང་རང་བྱུང་མཛེས་ལྗོངས་འགྱུར་ལྡོག་སོགས་ཚུད་ཡོད། རང་རྒྱལ་གྱི་ས་ཡོམ་གྱི་ས་གས་རིམ་པ་12ལ་ཕྱེ་བ་དང་རིམ་པ་ག་ཚོད་ཀྱིས་མཐོ་བ་ཡོད་ཚེ་གཏོར་སྐྱོན་དེ་ཙམ་གྱིས་ཆེ་བ་དང་། དེའི་ཁྲོད་གས་ཚད་ཏུའུ་6ཡན་གྱིས་བསྐྲུན་དངོས་ལ་ཚད་གཞི་མི་འདྲ་བའི་གཏོར་སྐྱོན་བཟོ་གི་ཡོད།