འཚོལ་བཤེར།   
藏文频道
2022ལོའི་ཟླ་1ཚེས་13ཉིན།

༄༅།།ཚོགས་དངུལ་ཆད་འགྱངས་བྱས་པས་འདེམས་ཤོག་འཕེན་དབང་ཤོར། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་13ཉིན། 16:39】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། ཞིན་ཧྭ་གསར་འགྱུར་ཁང་མཉམ་འབྲེལ་རྒྱལ་ཚོགས་ནས་ཟླ་1ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཚེས་12ཉིན་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞིའི་མགྲིན་ཚབ་པ་ཁུའུ་པི་ཡ་ཁེས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་མིའི་རྒྱལ་ཁབ་8ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་དངུལ་མ་སྤྲད་པར་བརྟེན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་གི་འདེམས་ཤོག་འཕེན་དབང་ཤོར་བ་ཡིན་ཞེས་བཤད་པ་རེད། 
     ཁུ་པི་ཡ་ཁེས་དེ་ཉིན་གྱི་གསར་འགོད་པའི་རྒྱུན་ལྡན་ཚོགས་འདུའི་ཐོག་བཤད་དོན། རྒྱལ་ཁབ་8པོ་དེ་དག་ནི་དབྱི་རན་དང་། སུའུ་ཏན། ཝེ་ནེ་ཙུའེ་ལ། ཨན་ཐི་ཀྭ་དང་པ་པུ་ཏ། ཁོང་ཀོ ཀི་ནེ་ཡ། ཕ་ཕུ་ཡ་ཀུའི་ནེ་ཡ་གསར་བ། ཝ་ནུ་ཨ་ཐུ་བཅས་རེད། 
     ཚེས་11ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐེ་ལེ་སིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ལ་སྤྲིངས་པའི་འཕྲིན་ཡིག་ལ་གཞིགས་ན། རྒྱལ་ཁབ་11གིས་ཚོགས་དངུལ་ལོ་གཉིས་ཡན་ཆད་འགྱངས་བྱས་པ་དེའི་ནང་རྒྱལ་ཁབ་8ལ་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་ཐོག་གི་འདེམས་ཤོག་འཕེན་དབང་མེད་པར་བཟོས་པ་རེད། 
《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས》ཀྱི་དོན་ཚན་བཅུ་དགུ་པའི་གཏན་འབེབས་ལ་གཞིགས་ན། གལ་ཏེ་ཚོགས་མིའི་རྒྱལ་ཁབ་ཀྱིས་ཆད་འགྱངས་བྱས་པའི་ཚོགས་དངུལ་གྱི་གྲངས་འབོར་དེ་སྔོན་གྱི་ལོ་གཉིས་ནང་འཇལ་དགོས་པའི་ཚོགས་དངུལ་དང་གཅིག་མཚུངས་ཡིན་པའམ་ཡང་ན་དེ་ལས་བརྒལ་ཚེ། གནས་ཚུལ་དེ་རིགས་ནི་ཚོད་འཛིན་མི་ཐུབ་པའི་རྒྱུ་རྐྱེན་ལས་བྱུང་བ་ཞིག་ཡིན་པ་ར་སྤྲོད་བྱེད་ཐུབ་པ་མ་གཏོགས། དེ་ཚོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འདེམས་ཤོག་འཕེན་དབང་ཤོར་ངེས། 
     ཀུའུ་ཐེ་ལེ་སིའི་འཕྲིན་ཡིག་ལ་གཞིགས་ན། ཁོ་མོ་རོ་དང་། སོ་ཐོ་མེ་དང་ཕུ་རིན་སི་ཕེ། སོ་མ་ལི་བཅས“ཚོད་འཛིན་མི་ཐུབ་པའི་རྒྱུ་རྐྱེན་ལས་བྱུང་བའི”ཁོངས་སུ་གཏོགས་པས་2022ལོའི་འདེམས་ཤོག་འཕེན་དབང་སྔར་བཞིན་སོར་འཇོག་བྱེད་ཆོག་གི་ཡོད་པ་རེད། དུས་མཚུངས་སུ་འདེམས་ཤོག་འཕེན་པའི་དབང་ཆ་མེད་པར་བཟོས་པའི་རྒྱལ་ཁབ་8ཀྱིས་གཏན་འབེབས་བྱས་པའི་དངུལ་གྲངས་དམའ་ཤོས་སྤྲད་ཚེ་འདེམས་ཤོག་འཕེན་པའི་དབང་ཆ་སླར་གསོ་བྱེད་ཐུབ། 
     སྐབས་76པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་ན་ནིང་ཟླ་12པར་ཆོག་མཆན་སྤྲད་པའི་བསྡོམས་འབོར་ཨ་སྒོར་དུང་ཕྱུར་31.22ཟིན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2022ལོའི་རྒྱུན་ལྡན་གྱི་སྔོན་རྩིས་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་ལྡན་སྔོན་རྩིས་གྲོན་དངུལ་ཆ་བགོས་ཀྱི་བསྡུར་ཚད་ནི་རྒྱལ་ཁབ་ཁག་གི་གཏོང་སྤྲོད་བྱེད་ནུས་རྩ་དོན་དུ་བཟུང་ནས་གཏན་འཁེལ་བྱས་པ་རེད།