འཚོལ་བཤེར།   
藏文频道
2022ལོའི་ཟླ་1ཚེས་13ཉིན།

༄༅།།ཨ་རི་བ་ཞིག་ལ་ཕག་གི་སྙིང་སྤོར་འཛུགས་བྱས། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་13ཉིན། 14:27】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཨ་རིའི་མཱ་རེ་ལན་སློབ་ཆེན་གསོ་རིག་ལྟེ་གནས་ཀྱིས་ཚེས་10ཉིན་གནས་ཚུལ་སྤེལ་བར་གཞིགས་ན། གསོ་རིག་རིགས་གཅིག་མཁས་ཅན་གྱིས་ཨ་རིའི་སྙིང་ནད་ཕོག་པའི་སྐྱེས་པ་ཞིག་ལ་གཤགས་བཅོས་དམིགས་བསལ་ཞིག་བྱས་པ་དང་། རྒྱུད་རྒྱུ་སྒྱུར་བཀོད་བྱས་པའི་ཕག་གི་སྙིང་མིའི་གཟུགས་པོའི་ནང་སྤོར་འཛུགས་བྱས། དེ་ནི་འཛམ་གླིང་དུ་ཐེངས་དང་པོ་ཡིན། སྐྱེས་པ་དེ་གཤགས་བཅོས་བྱས་ནས་ཉིན་3འགོར་རྗེས་གནས་ཚུལ་བཟང་པོ་མངོན་ཡོད་པ་རེད། 
   མཱ་རེ་ལན་སློབ་ཆེན་གྱི་གསོ་རིག་ལྟེ་གནས་ཀྱིས། རིགས་གཅིག་མཁས་ཅན་གྱིས་ལོ་57ལ་སླེབས་པའི་མིང་ལ་ཏའེ་ཝེ་པེ་ནེ་ཐེ་ཟེར་བའི་སྐྱེས་པ་ལ་ནད་དཔྱད་བྱས་རྗེས། ཁོང་གི་ནད་གཞི་ལ་སྲོལ་རྒྱུན་གྱི་སྙིང་སྤོར་འཛུགས་ཀྱི་གཤགས་བཅོས་བྱེད་པར་འཚམ་པོ་མེད་པའི་ངོས་འཛིན་བྱས་ཡོད། ཡིན་ནའང་། ཁོང་གི་སྙིང་ནད་ཀྱི་ནད་ཚབས་ཧ་ཅང་ཆེན་པོ་ཡོད་པས། སྙིང་སྤོར་འཛུགས་བྱ་རྒྱུ་ནི་ཁོང་གི་ཚེ་སྲོག་སྐྱོབ་པའི་རེ་བ་མཐའ་མ་ཡིན། མཐར་རིགས་གཅིག་མཁས་ཅན་ཚོགས་པས་ཨ་རིའི་ལྟ་སྐུལ་དོ་དམ་སྒྲིག་གཞིས་དབང་བསྩལ་བ་དང་ནད་པ་ཡིས་མོས་མཐུན་ཐོབ་རྗེས་གཤགས་བཅོས་དེ་བྱས་པ་རེད།
   ངོ་སྤྲོད་བྱས་པར་གཞིགས་ན། ནད་པ་དེས་ཨ་རིའི་པའར་ཏི་མོ་རུ་ཡོད་པའི་མཱ་རེ་ལན་སློབ་ཆེན་གསོ་རིག་ལྟེ་གནས་སུ་གཤགས་བཅོས་དེ་དང་ལེན་བྱས། སྤོར་འཛུགས་གཤགས་བཅོས་ལ་སྤྱད་པའི་ཕག་ནི་རྒྱུད་རྒྱུ་སྒྱུར་བཀོད་བྱས་ཟིན་པ་དང་། དེའི་ནང་དུ་“བརྡུངས་ནས་མེད་པར་བཟོ་བ་”ཡིས་མིའི་རིགས་ཀྱི་ཕྱིར་ཕུད་པའི་འགྱུར་འབྱུང་གི་རྒྱུད་རྒྱུ་དང་། དམིགས་བསལ་ཅན་གྱི་རྒྱུད་རྒྱུས་མིའི་ལུས་པོའི་ནང་དུ་སྤོར་འཛུགས་བྱས་པའི་ཕག་སྙིང་གི་སྒྲིག་འཛུགས་དེ་ཚད་ལས་བརྒལ་ཏེ་རྒྱས་པར་སྔོན་འགོག་སོགས་འདུས་ཡོད་པ་རེད། 
   ལྟེ་གནས་དེས་སྤོར་འཛུགས་ཀྱི་གཤགས་བཅོས་དེ་ཐོག་དང་པོར་རྒྱུད་རྒྱུ་སྒྱུར་བཀོད་བྱས་པའི་སྲོག་ཆགས་ཀྱི་སྙིང་ཞིག་མིའི་ལུས་པོའི་ནང་སྤོས་རྗེས། མིའི་སྙིང་དང་འདྲ་བར་ནུས་པ་འདོན་སྤེལ་ཐུབ་པ་མ་ཟད། གཟུགས་པོས་ལམ་སང་སྲོག་ཆགས་དེའི་སྙིང་ལ་ཚུར་སྣང་ལན་ཆ་མི་ཐོན་པ་བྱས་ཡོད་ཅེས་བཤད། 
   《ཉིའུ་ཡོག་སྐབས་དོན་ཚགས་པར》ཐོག་གནས་ཚུལ་སྤེལ་བར་གཞིགས་ན། པེ་ནེ་ཐེས་ཚེས་7ཉིན་གཤགས་བཅོས་བྱས་རྗེས་འགག་རྩའི་ཆུ་ཚོད་48ནང་རྒྱུན་གཏན་དང་མི་འདྲ་བའི་གནས་ཚུལ་གང་ཡང་ཐོན་མེད། མིག་སྔར་ཁོང་གིས་སྔར་བཞིན་སྨན་བཅོས་ཡོ་བྱད་དང་འབྲེལ་མཐུད་བྱེད་དགོས་ཀྱི་ཡོད། སྨན་པས་པེ་ནེ་ཐེ་ཡི་གཟུགས་པོར་སྣང་ཚུལ་ཐོན་མིན་ལ་ལྟ་ཞིབ་ཚད་ལེན་བྱེད་བཞིན་ཡོད་པ་མ་ཟད། པེ་ནེ་ཐེ་ལ་མིའི་ལུས་ཁམས་ཀྱི་ཕྱིར་གཏོང་ཚོད་འཛིན་བྱེད་པའི་ཚོད་ལྟའི་རང་བཞིན་གྱི་སྨན་གསར་ཞིག་ཀྱང་སྤྱོད་ཀྱི་ཡོད་པ་རེད།
   གནས་ཚུལ་སྤེལ་བར་གཞིགས་ན། ཞིབ་འཇུག་མི་སྣའི་སྐད་ཆ་དྲངས་ནས་བརྗོད་ན། གཤགས་བཅོས་དེ་རིགས་ཀྱིས་མ་འོངས་པར་མཁལ་མ་དང་དབང་པོ་གཞན་དག་བརྗེ་རྒྱུ་སྒུག་པའི་ཨ་རིའི་ནད་པ་ཁྲི་50ལྷག་ཙམ་ལ་རེ་བ་སྦྱིན་མོད། འོན་ཀྱང་། གཤགས་བཅོས་དེ་རིགས་རྒྱ་ཁྱབ་ངང་བེད་སྤྱོད་མ་བྱས་གོང་བཀག་རྒྱ་མང་པོ་ཁྱད་གསོད་བྱེད་དགོས་པ་སྟེ། མིའི་ལུས་ཁམས་ཀྱི་རྣམ་པ་ཕུད་པའི་ཚོར་སྣང་ཚུད་ཡོད་པ་རེད།