འཚོལ་བཤེར།   
藏文频道
2022ལོའི་ཟླ་1ཚེས་12ཉིན།

༄༅།།མིའི་རིགས་ཀྱི་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་ལེའུ་གསར་པ་བརྩམས་པ།

—— 2022ལོའི་ཀྲུང་གོའི་ཕྱི་འབྲེལ་ལ་མི་རྣམས་ཀྱིས་རེ་སྒུག་བྱེད་རིན་ཡོད་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་12ཉིན། 16:07】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     2021ལོར་ཕྱིར་མིག་བལྟས་ཚེ་འཛམ་གླིང་གིས་སྤྱིར་བཏང་མིན་པའི་ལོ་ཞིག་བརྒྱུད་ཡོད། ལོ་བརྒྱའི་འགྱུར་ལྡོག་དང་དུས་རབས་ཀྱི་རིམས་ནད་སྡེབ་གཅིག་ཏུ་བྱུང་བ་དང་། གོ་ལ་ཧྲིལ་པོའི་རྣམ་པ་ཡོ་ལང་དང་གསར་སྒྱུར་ཁྲོད་རིམ་བཞིན་འཕོ་འགྱུར་བྱུང་ཡོད། ཀྲུང་གོའི་ཕྱི་འབྲེལ་གྱིས་དཀའ་བར་མི་འཛེམ་པར་མདུན་དུ་སྐྱོད་པ་དང་དཔའ་ངར་ཆེན་པོས་མདུན་སྐྱོད་བྱས་ཏེ་འཛམ་གླིང་དང་སྐྱིད་སྡུག་མཉམ་མྱོང་གི་མི་སེམས་འགུལ་བའི་ལེའུ་ཞིག་བརྩམས་ནས་མིའི་རིགས་དཀའ་ཚེགས་ཆེ་བའི་དུས་སྐབས་ལས་སྒྲོལ་རྒྱུར་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད།
     ལོ་གསར་པའི་ནང་ཀྲུང་གོའི་ཕྱི་འབྲེལ་གྱིས་རྙོག་འཛིང་ཆེ་བའི་ཁོར་ཡུག་ཁྲོད་མི་རིགས་བསྐྱར་དར་ལ་ཞབས་འདེགས་ཞུས་ནས་ཡོ་ལང་གི་དུས་སྐབས་ནང་མིའི་རིགས་ཀྱི་ཡར་ཐོན་ལ་སྐུལ་འདེད་གཏོང་བ་དང་། བློ་རྒྱ་ཆེན་པོ་མཐའ་འཁྱོངས། མཛེས་སྡུག་ལྡན་པའི་འཛམ་གླིང་མཉམ་དུ་བསྐྲུན་པའི་མཐུན་ཆ་ཆེ་ཤོས་འཚོལ་ཞིབ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་དམིགས་ཚད་ཀྱི་ཕྱོགས་སུ་མུ་མཐུད་ནུས་ཤུགས་ཡོད་རྒུས་མདུན་སྐྱོད་བཅས་བྱས་ཏེ་ཀྲུང་གོ་དང་འཛམ་གླིང་ལ་ལེགས་སྐྱེས་གསར་པ་དེ་བས་མང་བ་འབུལ་རྒྱུ་རེད།
     “རིམས་འགོག་གི་དཀའ་གནད”ལས་བསྒྲལ་ནས་མཐུན་སྒྲིལ་ངང་རིམས་ནད་འགོག་བཅོས་བྱེད་པའི་བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་པ།
     2021ལོར་ཏོག་གསར་རིམས་ནད་ཡང་སྐོར་བསྐྱར་སྐོར་ངང་ཐོན་ཞིང་། གོ་ལ་ཧྲིལ་པོར་རིམས་ནད་ཐོན་པ་ནས་བཟུང་རིམ་རྩིས་བྱས་ན་གྲོངས་པའི་ནད་དཔེ་ཁྲི་540ལྷག་ཙམ་ཟིན་པ་དང་། ནད་དུག་ངོ་འགྱུར་ཐེངས་མང་བྱུང་ནས་ཏེར་ཐ་དུག་སྲིན་དང་ཨའོ་མེ་ཁེ་རོང་དུག་སྲིན་གཉིས་ངར་ཤུགས་ཆེན་པོས་ཐོན་ཡོད། གཙོ་བདག་གི་ཕྱི་འབྲེལ་གྱི་ཁྲིད་སྟོན་འོག་ཀྲུང་གོས་རྒྱལ་ཁབ་ཆེན་པོའི་འགན་འཁྲི་འཁུར་སེམས་མངོན་པར་བྱས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཀྲུང་གོའི་དཔེ་མཚོན་བཏོད་པ་དང་མཐུན་སྒྲིལ་ངང་རིམས་ནད་འགོག་བཅོས་བྱེད་པའི་རྒྱལ་སྤྱིའི་ཚད་གཞི་བཏོད་ཡོད།
     ཨ་ཧྥེ་རི་ཁ་ནས་ལ་ཏིང་མེ་གླིང་བར་དང་ཨེ་ཤེ་ཡ་ནས་འཛམ་གླིང་དབུས་ཤར་བར་ཀྲུང་གོས་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་120ལྷག་ཙམ་ལ་ཏོག་གསར་རིམས་འགོག་སྨན་ཁབ་དུང་ཕྱུར་20མཁོ་འདོན་བྱས་ནས་ཕྱི་ཕྱོགས་ལ་རིམས་འགོག་སྨན་ཁབ་མཁོ་འདོན་བྱེད་མང་ཤོས་ཀྱི་རྒྱལ་ཁབ་ཏུ་གྱུར་ཡོད།
     ལོ་གསར་པའི་ནང་ཀྲུང་གོའི་རིམས་འགོག་སྨན་ཁབ་དེ་བས་མང་བ་ཞིག་ལ་བརྒྱབ་མཚོ་སྒྲོལ་བྱས་ནས“རིམས་འགོག་གི་དཀའ་གནད”སེལ་རྒྱུར་སྐུལ་འདེད་དང་། མིའི་རིགས་བདེ་ཐང་གི“རིམས་འགོག་གི་ལྕགས་རི་རིང་པོ”བསྐྲུན་པ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ“བདེ་ཐང་གི་ཕུབ”འདེགས་རོགས་བཅས་བྱས་ཏེ་མིའི་རིགས་ལ་དངོས་ཡོད་དང་འཁྲུལ་མེད་ཀྱི་ལོ་རྒྱུས་ཤིག་འཇོག་རྒྱུ་རེད།
     སླར་གསོའི་སྒུལ་ཤུགས་བསྣན་ནས་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ཡོང་བར་བྱེད་པ།
     འདས་ཟིན་པའི་ལོ་གཅིག་ནང་འཛམ་གླིང་འཕེལ་རྒྱས་ལ་འགྲན་སློང་མང་པོ་འཕྲད་ཅིང་། གོ་ལ་ཧྲིལ་པོའི་དཔལ་འབྱོར་སླར་གསོ་ཞན་ལ་བར་ཆད་མང་བ་དང་། དངུལ་ལོར་འགྲེམས་ཐལ་ཤོར་བ་དང་ནུས་རྒྱུ་དང་མཁོ་སྤྲོད་འཁོར་འབྲེལ་གྱི་ཉམས་ཉེན་མཉམ་གནས། གོ་ལ་ཧྲིལ་པོའི་དབུལ་པོ་ཉུང་གཏོང་གི་གྲུབ་འབྲས་ལ་བསླད་སྐྱོན་ཚབས་ཆེན་ཕོག་པ། ལྷོ་བྱང་དབར་གྱི་འགལ་རྐྱེན་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ་བཅས་ལས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲོས་རིམ་མངོན་འགྱུར་ཡོང་བ་བྱ་རྒྱུ་དེ་ལས་འགན་ལྕི་ལ་ལམ་ཐག་རིང་བ་ཞིག་ཏུ་གྱུར་ཡོད།
     2021ལོར་ཀྲུང་གོས་བྱ་སྤྱོད་དངོས་ཀྱི་ཐོག་ནས་འཛམ་གླིང་དང་ཁེ་ཕན་གཅིག་སྡུད་བྱེད་རྒྱ་ཆེ་རུ་བཏང་སྟེ་སེམས་མཐུན་འཁོར་རྒྱ་ཆེ་ཤོས་ཤིག་བཏོད་ཡོད། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཚོང་དོན་དང་མ་འཇོག་ལྡོག་འཕར་བྱུང་བ་དང་། ཀྲུང་གོ་དང་ལ་ཏིང་མེ་གླིང་གི་ཚོང་དོན་སླར་ཡང་ཨ་སྒོར་དུང་ཕྱུར་3000ལས་བརྒལ་བ། ཀྲུང་གོ་དང་ཨུ་རུ་སུའི་ཕྱོགས་ཡོངས་ཀྱི་དངོས་སྒྲུབ་མཉམ་ལས་ཐད་ཆབ་སྲིད་ཀྱི་ལེགས་ཆ་དང་གོ་སྐབས་ཀྱི་ལེགས་ཆ་ཆེན་པོ་མངོན་པ། ཀྲུང་གོ་དང་ཡོ་རོབ་ཀྱི་དཔལ་འབྱོར་ཁེ་ཕན་མཉམ་འདྲེས་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་པ། ཀྲུང་གོ་དང་ཡོ་རོབ་དབར་གྱི་དུས་གཏན་མེ་འཁོར་རྒྱུན་མཐུད་ངང་གཏོང་ཚད་མགྱོགས་སུ་བཏང་བ་སོགས། ཀྲུང་གོ་དང་ཕྱི་རྒྱལ་གྱི་དངོས་སྒྲུབ་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ནས་གོ་ལ་ཧྲིལ་པོའི་དཔལ་འབྱོར་སླར་གསོའི་ཐད་རྩ་ཆེའི་སྒུལ་ཤུགས་བསྣན་ཡོད།
     ལོ་གསར་པའི་ནང་ཀྲུང་གོས་མུ་མཐུད་ཤར་རླུང་ལ་བརྟེན་ནས་དྲོ་སྐྱིད་སྦྱིན་ཏེ་རྒྱལ་ཁབ་ཁག་དང་སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་མཉམ་དུ་གཏོད་ནས་འཛམ་གླིང་དཔལ་འབྱོར་འཕེལ་རྒྱས་ཡོང་བ་བྱ་རྒྱུ་རེད། 《ས་ཁོངས་ཕྱོགས་ཡོངས་ཀྱི་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་ཆོད》ཟླ་1ཚེས་1ཉིན་ནས་དངོས་སུ་ནུས་པ་ཐོན་པ་དང་བསྟུན་ཏེ་ཀྲུང་གོས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ས་ཁུལ་གྱི་རྒྱལ་ཁབ་མང་པོ་དང་མཉམ་དུ་སྤུས་ཚད་དེ་བས་མཐོ་བ་དང་སྔར་བས་གཏིང་ཟབ་པའི་ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།
     བདེ་སྡུག་མཉམ་མྱོང་གིས་ཕྱོགས་མང་རིང་ལུགས་ཀྱི་དཔལ་འབར་གྱིས་མདུན་སྐྱོད་ཀྱི་ལམ་བུ་གསལ་བར་བྱེད་པ།
     གནམ་གྲུའི་འཕྲུལ་འཁོར་ཨ་མའི་ལྡིར་སྒྲ་དང་བསྟུན་ནས་ཨ་ཧྥུ་ཀ་ནི་སི་ཐན་གྱི་ཐང་འབྲུ་བླུགས་པའི་གཙང་གླས་གནམ་གྲུ་ཁག་ཐེངས་མང་པོ་ཁ་པུར་ནས་འཕུར་ཏེ་ཧྲང་ཧའེ་རུ་འབྱོར་ཞིང་། ཐང་འབྲུ་དེ་དག་དཔྱིད་གསར་དུས་ཆེན་གྱི་ཁྲོམ་རའི“དྲ་ཐོག་མིང་ཅན”གྱི་ཐོན་རྫས་སུ་གྱུར་པས་ཨ་ཧྥུ་ཀ་ནི་སི་ཐན་གྱི་ཞིང་པ་ཚོའི་ངོ་གདོང་ལས་དགའ་བའི་འཛུམ་མདངས་འཕྱུར།
     ཛ་དྲག་གི་མི་ཆོས་རོགས་སྐྱོར་བྱས་པ་དང་། ཨ་ཧྥུ་ཀ་ནི་སི་ཐན་གྱི་གནད་དོན་སྐོར་གྱི་ཁྱིམ་མཚེས་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཀྲང་གི་ཚོགས་འདུའི་ལམ་སྲོལ་གསར་པ་འཛུགས་རྒྱུར་སྐུལ་འདེད་བཏང་བ། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་སུ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨ་ཧྥུ་ཀ་ནི་སི་ཐན་ལ་རོགས་རམ་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་སླར་གསོ་དང་བསྐྱར་སྐྲུན་ལ་སྐུལ་འདེད་གཏོང་དགོས་པའི་འབོད་སྐུལ་བྱས་པ་སོགས་བདེན་འཛིན་དྲང་གཏམ་བཤད་པ་དང་འཁྱག་དུས་གོས་དང་ལྟོགས་དུས་ཟས་སྐྱེལ་བའི་བྱ་སྤྱོད་རེ་རེ་ལས་ཀྲུང་གོས་འཛམ་གླིང་དང་བདེ་སྡུག་མཉམ་མྱོང་དང་དུས་ངལ་མཉམ་སེལ་གྱི་འགན་འཁྲི་འཁུར་བ་གསལ་པོར་མངོན་ཡོད།
     འཛམ་གླིང་ལ་ཕྱོགས་ཚེ་རིམས་ནད་ཡང་སྐོར་བསྐྱར་སྐོར་ངང་ཐོན་པ་དང་། འཛམ་གླིང་གི་དཔལ་འབྱོར་སླར་གསོ་འགོར་བ། གནམ་གཤིས་འགྱུར་ལྡོག་སོགས་ཀྱི་འགྲན་སློང་མངོན་གསལ་དོད་པ། ས་ཁུལ་གྱི་གླེང་མང་བའི་གནད་དོན་རྙོག་འཛིང་ཆེ་བ་བཅས་ལས་གོ་ལ་ཧྲིལ་པོ་རེས་སྐོར་གསར་པའི་ཡོ་ལང་ལེགས་སྒྲིག་གི་དུས་སྐབས་སུ་སླེབས་ཡོད། མིའི་རིགས་ཐུན་མོང་གི་འགྲན་སློང་མདུན་དུ་ཀྲུང་གོས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་དར་ཆ་མཐོན་པོར་བསྒྲེངས་ནས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་གི་འཕོ་འགྱུར་ལ་སྒུལ་ཤུགས་བསྣན་པ་དང་ཁ་ཕྱོགས་གསལ་སྟོན་བྱས་ཡོད།
     གོ་ལ་ཧྲིལ་པོའི་འཕྲོད་བསྟེན་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུར་སྐུལ་འདེད་ཀྱིས་རྒྱལ་སྤྱིའི་འཕྲོད་བསྟེན་མཉམ་ལས་ལ་སྐུལ་སྤེལ་བཏང་བ་དང་། “ཐཱན་ཚད་གཉིས”ཀྱི་དམིགས་ཚད་སྲིད་ཇུས་མ་ལག་བཏོན་ནས་དོན་འཁྱོལ་བྱས་ཏེ་ཕྱི་རྒྱལ་དུ་རྡོ་སོལ་གློག་གི་རྣམ་གྲངས་གསར་སྐྲུན་མི་བྱེད་པའི་ཁྱབ་བསྒྲགས་བྱས་པ་དང་། “ཀེ་ལ་སི་ཀོའི་གནམ་གཤིས་གྲོས་མཐུན”འཇོག་རྒྱུར་སྐུལ་འདེད་བཏང་ནས་བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་ཤེས་དཔལ་ལག་ལེན་བསྟར་མཁན་དང་གོ་ལ་ཧྲིལ་པོའི་གནམ་གཤིས་བཅོས་སྐྱོང་གི་བྱ་སྤྱོད་སྤེལ་མཁན་བྱས་ཡོད། གོ་ལ་ཧྲིལ་པོའི་གྲངས་འཛིན་བཅོས་སྐྱོང་ནང་ཧུར་ཐག་ཞུགས་ནས་གོ་ལ་ཧྲིལ་པོའི་གྲངས་འཛིན་བཅོས་སྐྱོང་མ་ལག་དེ་བས་དྲང་གཞག་དང་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ་སོགས་2021ལོའི་ཕྱོགས་མང་རིང་ལུགས་ཀྱི་གར་སྟེགས་ཐོག་ཀྲུང་གོའི་བྱས་རྗེས་ཆེན་པོ་བཞག་ཡོད།
     2022ལོར་རྒྱང་ལྟ་བྱས་ཚེ་ཀྲུང་གོས་ཕྱོགས་མང་རིང་ལུགས་ངོ་མའི་དཔལ་འབར་མུ་མཐུད་མཐོན་པོར་བསྒྲེངས་ནས་རྒྱལ་སྤྱིའི་མཐུན་སྒྲིལ་མཉམ་ལས་ཟབ་ཏུ་བཏང་སྟེ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་སྒྱུར་བཅོས་སྒུལ་ནུས་གསར་པ་སྣོན་པ་དང་བློ་སྒོ་གསར་པ་ཕྱེ་ནས་འཛམ་གླིང་ལ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི“ཀྲུང་གོའི་འགྲོ་ལམ”གསལ་འགྲེལ་བྱ་རྒྱུ་རེད།