འཚོལ་བཤེར།   
藏文频道
2022ལོའི་ཟླ་1ཚེས་12ཉིན།

༄༅།།རྫོང་ནས་ཕུལ་བྱུང་དགེ་རྒན་འདྲུ་རྒྱུ་གཏན་འགོག་བྱེད་དགོས།  

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་12ཉིན། 15:44】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་11ཉིན་གྱི་སྔ་དྲོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས《“ལོ་ལྔ་ཚན་བཅུ་བཞི་པའི”སྤྱི་པའི་ཞབས་ཞུའི་འཆར་འགོད》ཀྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་དང་འབྲེལ་གསར་འགོད་པའི་དྲི་བར་ལན་བཏབ་པ་རེད།
སློབ་གསོ་པུའུ་འཕེལ་རྒྱས་འཆར་འགོད་སིའི་འགན་འཁུར་བ་ཁྲའོ་ཀུའེ་མིང་གིས་དགེ་རྒན་དཔུང་ཁག་བརྟན་པོ་མེད་པ་དང་སློབ་མ་སྤུས་དག་ཤོར་བའི་གནད་དོན་ནི་ཉེ་བའི་ལོ་ཤས་རིང་རྫོང་ལ་འཕྲད་པའི་ཡོངས་ཁྱབ་ཀྱི་གནད་དོན་ཞིག་ཡིན་ལ། ད་ཐེངས་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”སྤྱི་པའི་ཞབས་ཞུའི་འཆར་འགོད་ནང་དམིགས་བསལ་དོ་ཁུར་བྱེད་པའི་གནད་དོན་ཞིག་ཀྱང་ཡིན་པས། རྫོང་ཁོངས་ཀྱི་མཐོ་རིམ་སློབ་འབྲིང་དཀྱུས་མ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པའི་ལས་དོན་བཀོད་སྒྲིག་བྱས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
     ན་ནིང་ཟླ་12པར། སློབ་གསོ་པུའུ་སོགས་སྡེ་ཚན་9ཡིས《“ལོ་ལྔ་ཚན་བཅུ་བཞི་པའི”རྫོང་ཁོངས་ཀྱི་མཐོ་རིམ་སློབ་འབྲིང་དཀྱུས་མ་འཕེལ་རྒྱས་རིམ་སྤོར་བྱ་སྤྱོད་ཀྱི་འཆར་གཞི》པར་འགྲེམས་བྱས་ནས། རྫོང་ཁོངས་ཀྱི་མཐོ་རིམ་སློབ་འབྲིང་དཀྱུས་མ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་ཁྱོན་ཡོངས་ནས་འཆར་འགོད་དང་བཀོད་སྒྲིག་བྱས་པ་དང་། སྤྱིའི་ཆ་ནས་བཤད་ན་རྫོང་ཁོངས་ཀྱི་མཐོ་རིམ་སློབ་འབྲིང་དཀྱུས་མའི་འཕེལ་རྒྱས་ཆུ་ཚད་དང་སློབ་གཉེར་སྤུས་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་རྒྱུ་དེ་རེད།
     སློབ་བསྡུའི་དོ་དམ་ཐད། 《བྱ་སྤྱོད་འཆར་གཞིའི》ནང་ས་གནས་ཁག་གིས་རྫོང་རིམ་པའི་སློབ་བསྡུའི་དོ་དམ་འགན་འཁྲི་དོན་འཁྱོལ་བྱེད་པའི་རྨང་གཞིའི་ཐོག་ཞིང་ཆེན་རིམ་པའི་སྤྱི་འདོམས་འགན་འཁྲི་དང་ས་ཁུལ་དང་གྲོང་ཁྱེར་གྱི་བྱེད་པོའི་འགན་འཁྲིར་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་། མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་བསྡུའི་དོ་དམ་ནན་དུ་གཏོང་བ། “སྒེར་གཞུང་མཉམ་བསྡུ”དང་ཁོངས་གཏོགས་ས་ཁུལ་གྱི་སློབ་བསྡུའི་སྲིད་ཇུས་དོན་འཁྱོལ་བཅས་བྱེད་དགོས་ཞེས་ཁ་གསལ་བཏོན་ཡོད། གཞན་ཡང་དེང་རབས་ཅན་གྱི་ལག་རྩལ་ཐབས་ལམ་བརྒྱུད་ཆ་འཕྲིན་ཅན་གྱི་དོ་དམ་ལ་སྔར་ལས་ཤུགས་སྣོན་རྒྱག་གི་ཡོད་པ་རེད། ས་གནས་ཁག་གིས་ས་ཁུལ་དང་གྲོང་ཁྱེར་རིམ་པའི་མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་གྲྭས་གཅིག་གྱུར་སློབ་བསྡུའི་དྲ་རྒྱའི་ལས་སྟེགས་ཁྱོན་ཡོངས་ནས་བཙུགས་ཏེ། མཐུན་རྐྱེན་འཛོམས་པའི་ས་གནས་སུ་ཞིང་ཆེན་རིམ་པའི་གཅིག་གྱུར་སློབ་བསྡུའི་དྲ་རྒྱའི་ལས་སྟེགས་འཛུགས་རྒྱུར་སྐུལ་ལྕག་བྱས་ནས་སློབ་བསྡུའི་འཆར་གཞི་དང་སློབ་བསྡུའི་བརྒྱུད་རིམ་ལ་དོ་དམ་བྱ་རྒྱུར་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་སྒྲིག་འགལ་ངང་སློབ་མ་བསྡུ་བའི་བྱེད་སྤྱོད་ལ་ཞིབ་བཤེར་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།
     དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ཐད། གཅིག་ནི་རྫོང་གི་དགེ་རྒན་ཁ་གསབ་བྱེད་ཤུགས་སྔར་ལས་ཆེ་རུ་གཏོང་དགོས། ས་གནས་ཁག་གིས་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་དང་ལས་བཟོ་པའི་སྒྲིག་ཁོངས་ཚད་གཞི་དང་གཅིག་འདོམས་དོ་དམ་སྐོར་གྱི་ཀྲུང་དབྱང་གི་འབྲེལ་ཡོད་གཏན་འབེབས་དོན་འཁྱོལ་ནན་པོ་བྱས་ནས། ཚད་གཞིའི་ཆ་རྐྱེན་གཞིར་བཟུང་རྫོང་གི་དགེ་རྒན་དུས་ཐོག་ཏུ་ཁ་སྣོན་རྒྱག་དགོས་པའི་བླང་བྱ་བཏོན་པ་རེད། དབུས་ནུབ་རྒྱུད་དར་རྒྱས་བྱུང་མེད་པའི་ས་ཁུལ་གྱི་ཕུལ་བྱུང་དགེ་རྒན་གནས་གཏན་འཁེལ་གྱིས་གསོ་སྐྱོང་བྱེད་པའི་འཆར་གཞི་ལག་ལེན་བསྟར་ནས་རྫོང་གི་དགེ་རྒན་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། དེའང་ང་ཚོས་བཤད་པའི“ཕུལ་བྱུང་དགེ་རྒན་གྱི་འཆར་གཞི”ཞེས་པ་རེད། གཉིས་ནི་རྫོང་གི་དགེ་རྒན་ལ་སྐུལ་མ་གཏོང་བའི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། ས་གནས་ཁག་གིས་སློབ་གྲྭ་འབྲིང་ཆུང་གི་འབྲིང་རིམ་དང་མཐོ་རིམ་དགེ་རྒན་གྱི་ལས་གནས་བསྡུར་ཚད་མཐོ་རུ་འོས་འཚམ་གཏོང་བ་དང་། འབྲིང་རིམ་དང་མཐོ་རིམ་དགེ་རྒན་གྱི་ལས་གནས་བཀོད་སྒྲིག་དེ་རྫོང་ལ་གཟིགས་སྐྱོང་འོས་འཚམ་བྱེད་པ། རྫོང་གི་ལས་ཕྱོད་གླ་ཕོགས་བསྡོམས་འབོར་ལ་ལུགས་མཐུན་ངང་ཞིབ་བཤེར་གཏན་འབེབས་བྱེད་པ། ལས་ཕྱོད་གླ་ཕོགས་ཀྱི་ནང་ཁུལ་གྱི་བགོ་བཤའ་དེ་ཕུལ་བྱུང་གི་ཤེས་ལྡན་མི་སྣར་ཕྱོགས་དགོས་པའི་བླང་བྱ་བཏོན་པ་རེད། གསུམ་ནས་རྫོང་གི་ཕུལ་བྱུང་དགེ་རྒན་འདྲུ་རྒྱུ་གཏན་འགོག་བྱེད་དགོས། ས་གནས་ཁག་གིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་དང་གོ་རིམ་ལ་ནན་པོར་གཞིགས་ནས་དགེ་རྒན་འཁོར་རྒྱུག་གི་འགྲོ་ལུགས་གཉེར་རྒྱུ་དང་། དར་རྒྱས་ཆེ་བའི་ས་ཁུལ་དང་གྲོང་ཁུལ་གྱི་སློབ་གྲྭས་ཉམས་ཞན་ས་ཁུལ་དང་རྫོང་ནས་ཕུལ་བྱུང་སློབ་གཙོ་དང་དགེ་རྒན་འདྲུ་རྒྱུ་གཏན་འགོག་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། མཇུག་མཐར་རྫོང་གི་དགེ་རྒན་དཔུང་ཁག་གི་བྱང་ཚད་ཇེ་མཐོར་གཏོང་དགོས། སློབ་གསོ་པུས་རྫོང་གི་སློབ་སྤྱི་དང་རྐང་འཛིན་དགེ་རྒན་གྱི་དཔེ་སྟོན་གསོ་སྦྱོང་སྒྲིག་འཛུགས་བྱ་རྒྱུ་དང་། ཞིང་ཆེན་རིམ་པས་རྫོང་གི་སློབ་གཙོ་དང་དགེ་རྒན་ཡོངས་གསོ་སྦྱོང་བྱས་ནས། སློབ་སྤྱིའི་སློབ་གཉེར་དང་སློབ་གྲྭ་སྐྱོང་བའི་ནུས་པ་དང་དགེ་རྒན་གྱི་སློབ་གསོ་དང་སློབ་ཁྲིད་ཀྱི་ཆུ་ཚད་མཐོ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།