འཚོལ་བཤེར།   
藏文频道
2022ལོའི་ཟླ་1ཚེས་12ཉིན།

༄༅།།མཚོ་སྔོན་འཇུ་ལག་ཡོམ་ཁུལ་དུ་རྒྱལ་ཟླའི་ཚེས་བརྒྱད་ཀྱི་ཐུག་པ་བསྐོལ་ནས་དུས་ཆེན་ལ་དྲོ་སྐྱིད་སྦྱིན་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་12ཉིན། 15:32】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
འདི་ནི་ཟླ་1ཚེས་10ཉིན་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་འཇུ་ལག་ཧུད་རིགས་རང་སྐྱོང་རྫོང་གི་སྒོ་རྩིས་ཚོང་ཁང་ཞིག་ཏུ་གྲོང་མི་ལི་ལིན་མེ་ཡིས་བུ་མོ་ཁྲིད་དེ་ཤིང་ཏོག་ཉོ་བཞིན་པ།
འདི་ནི་ཟླ་1ཚེས་10ཉིན་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་འཇུ་ལག་ཧུད་རིགས་རང་སྐྱོང་རྫོང་གི་སྒོ་རྩིས་ཚོང་ཁང་ཞིག་ཏུ་གྲོང་མི་ལི་ལིན་མེ་ཡིས་བུ་མོ་ཁྲིད་དེ་ཤིང་ཏོག་ཉོ་བཞིན་པ།
     ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ལི་ལིན་ཧའེ་དང་། ལི་ཉིང་། ལིའུ་ཙེ་ཤིང་།
     ལོ་37ལ་སླེབས་པའི་ཧོ་ཚེ་སྐྱིད་ནི་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་འཇུ་ལག་ཧུད་རིགས་རང་སྐྱོང་རྫོང་ཧོང་ཁྲེང་སོག་རིགས་ཤང་དུ་སྡོད་ཀྱི་ཡོད། ཚེས་8ཉིན་གྱི་ཐོ་རེངས་ཆུ་ཚོད་1དང་སྐར་མ་45ཙམ་ལ་འཇུ་ལག་རྫོང་དུ་ས་ཡོམ་རིམ་པ་6.9བརྒྱབ། ཧོང་ཁྲེང་ཤང་ནི་ཡོམ་ལྟེ་དང་ཐག་ཉེ་ཤོས་ཀྱི་ཤང་གྲོང་ཞིག་ཡིན་པ་དང་ཤང་ཡོངས་སུ་འབྲོག་པ་2000ཙམ་ཡོད་པ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་འཇུ་ལག་ཏུ་ས་ཡོམ་གནོད་འཚེའི་རྐྱེན་གྱིས་རྨས་སྐྱོན་ཕོག་པའི་མི་གྲངས་9བར་མང་དུ་ཕྱིན་པ་དང་། དུད་ཚང་16གི་མི་གྲངས་65ཛ་དྲག་ངང་གནས་སྤོ་བཀོད་སྒྲིག་བྱས་པའི་ནང་ཧོང་ཁྲེང་ཤང་གི་དུད་ཚང་12ཀྱི་མི་45ཡོད་པ་རེད། ཧོ་ཚེ་སྐྱིད་ནི་ད་ཐེངས་ཀྱི་ས་ཡོམ་ཁྲོད་གནོད་འཚེ་ཕོག་ཚབས་ཆེ་ཤོས་ཀྱི་འབྲོག་དུད་གྲས་ཤིག་རེད།
     ཚེས་10ཉིན་གྱི་ཉིན་དགུང་གསར་འགོད་པ་ཧོ་ཚེ་སྐྱིད་ཁྱིམ་གྱི་སྒོ་རའི་ནང་སྐྱོད་སྐབས། ཁོང་གིས་འཇིབ་རུ་ཞིག་ཁྱེར་ཏེ་ས་ཡོམ་བརྒྱབ་པའི་ཉིན་དེའི་དགོང་མོར་སྐྱེས་པའི་ལུ་གུ་ཞིག་ལ་འོ་མ་སྟེར་བཞིན་འདུག གུར་གྱི་འགྲམ་དུ་ཡོད་པའི་སོ་ཕག་གི་ཁང་པའི་ནང་ས་ཡོམ་བརྒྱབ་ནས་ཟགས་པའི་ཤེལ་ཧྲུག་དང་ས་རྡོས་ཁེངས་ཡོད་ལ་གྱང་ངོས་སུ་གས་སྲུབས་ལི་སྨི་10ཙམ་ཡོད་པ་རེད།
     ཧོ་ཚེ་སྐྱིད་ཀྱིས“ས་ཡོམ་བརྒྱབ་རྗེས་སྲིད་གཞུང་གིས་ང་ཚོར་གནས་སྐབས་ཀྱི་གེགས་སེལ་གུར་བསྐྱལ་བྱུང་ལ་ད་དུང་འབྲས་དང་། གྲོ་ཞིབ། སྣུམ་སོགས་འཚོ་བའི་མཁོ་དངོས་ཀྱང་བསྐྱལ་ནས་ཁྱིམ་ཚང་གི་སེམས་ཁྲལ་བསལ་བྱུང”ཞེས་བཤད།
     “ངའི་ཕ་ཡུལ་མཚོ་བྱང་ཀྲོའུ་ཧའེ་ཡན་རྫོང་དུ་ཡོད། ཆུང་དུས་རྒྱལ་ཟླའི་ཚེས་བརྒྱད་དུས་ཆེན་ལ་ཨ་མས་ནས་དང་ལུག་ཤའི་ཐུག་པ་སྐོལ་གྱི་ཡོད། འདི་ལོ་ངས་ཁྱིམ་དུ་ཡོད་པའི་བཟའ་བཅའི་རྒྱུ་ཆ་སྤྱད་ནས་ཐུག་པ་བསྐོལ་ཏེ་རྒྱུན་གཏན་གྱི་འཚོ་བ་གང་མགྱོགས་སླར་གསོ་ཐུབ་པའི་རེ་བ་བྱེད་ཀྱི་ཡོད”ཅེས་ཧོ་ཚེ་སྐྱིད་ཀྱིས་བཤད།
     ཚེས་10ཉིན་གྱི་སྔ་དྲོའི་ཆུ་ཚོད་10པ་ནས་བཟུང་། ཧོང་ཁྲེང་ཤང་སྲིད་གཞུང་གི་སྒོ་རའི་ནང་ལས་དོན་མི་སྣས་གྲང་ངར་ལ་མ་འཛེམས་པར་གྲོ་དང་ཚགས་ཤ་སོགས་བརྒྱབ་ནས་རྒྱལ་ཟླའི་ཚེས་བརྒྱད་ཀྱི་ཐུག་པ་སྐོལ་བཞིན་འདུག འཇུ་ལག་རྫོང་ལས་ཁུངས་ལས་དོན་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རེན་ལི་ཤུས་མིང་གིས“ཐུག་པ་དེ་དག་གནོད་འཚེ་ཕོག་པའི་འབྲོག་པའི་ཁྱིམ་དུ་སྐྱེལ་རྒྱུ་ཡིན་པས། རྒྱལ་ཟླའི་ཚེས་བརྒྱད་ཀྱི་ཐུག་པ་ཚ་སོབ་སོབ་ཕོར་པ་གང་ལས་གནོད་འཚེ་ཕོག་པའི་མང་ཚོགས་ཚོས་དྲོ་སྐྱིད་ཚོར་ཐུབ་པའི་རེ་བ་ཡོད”ཅེས་བཤད།
     ས་ཡོམ་བརྒྱབ་རྗེས་ཀྱི་ཉིན་གསུམ་པར་འཇུ་ལག་རྫོང་གྲོང་དུ་དེ་སྔོན་གྱི་འཁྲུག་ཆ་སླར་གསོ་བྱུང་ཞིང་། ཟ་ཁང་དང་སྒོ་རྩིས་ཚོང་ཁང་སོགས་སྔར་རྒྱུན་ལྟར་ལས་གཉེར་བྱེད་ཀྱི་ཡོད། རྒྱལ་ཟླའི་ཚེས་བརྒྱད་ཀྱི་དུས་ཆེན་བཏང་རྗེས་ལོ་གསར་ཡིན་པས་ཁྲོམ་གཞུང་ཐོག་དཔྱིད་གསར་གྱི་ཆ་ཡིག་དང་ལྒང་བཞུ་སོགས་ལོ་གསར་གྱི་མཁོ་ཆས་ཀྱང་འཚོང་རྒྱུ་འདུག
     གསར་འགོད་པས་འཇུ་ལག་རྫོང་གི་ཁྲོམ་ར་དང་སྒོ་རྩིས་ཚོང་ཁང་དུ་བཅར་འདྲིར་སྐྱོད་སྐབས་མིག་སྔར་ཤིང་ཏོག་དང་སྔོ་ཚལ་སོགས་ཀྱི་མཁོ་སྤྲོད་འདང་ངེས་ཡོད་པ་མཐོང་བྱུང་། སྒོ་རྩིས་ཚོང་ཁང་ཞིག་གི་འབྲུ་རིགས་ཁུལ་དུ་གྲོང་མི་ལི་ལིན་མེ་ཡིས་བུ་མོ་གཉིས་ཁྲིད་དེ་རྒྱལ་ཟླའི་ཚེས་བརྒྱད་ཐུག་པའི་ཐུག་རྡོར་ཉོ་བཞིན་ཡོད་པ་དང་། འགྲམ་གྱི་ཟོག་གཞོང་ནང་པད་ཚལ་དང་། ཞི་ཧུའུ་ལུའུ། ཚ་ལུ་མ་སོགས་ཤིང་འབྲས་དང་སྔོ་ཚལ་བྱུར་བུར་བླུགས་ཡོད་པ་མ་ཟད། ཁོ་མོའི་བུ་མོ་ཆུང་བའི་ལག་ཏུ་ད་དུང་སྒོ་ངའི་བག་ལེབ་ཅིག་བཟུང་འདུག
     ལི་ལིན་མེ་ཡིས། ཚེས་10ཉིན་གྱི་ཕྱི་དྲོ་ནང་མི་ཚང་མས་ཆེད་མངགས་རླངས་འཁོར་བཏང་ནས་འཇུ་ལག་རྫོང་པེ་ཧྲན་ཤང་ནས་རྫོང་གྲོང་དུ་དངོས་ཟོག་ཉོ་སྒྲུབ་བྱེད་པར་ཡོང་བ་ཡིན། “དེ་ནི་ས་ཡོམ་བརྒྱབ་རྗེས་ཕྲུ་གུ་རྫོང་གྲོང་དུ་ཚལ་ཉོ་བར་འཁྲིད་ཐེངས་དང་པོ་ཡིན། ཚང་མ་བདེ་མ་ཐང་མ་དང་བདེ་འཇགས་ཡོང་བའི་སྨོན་འདུན་ཞུ་གི་ཡོད”ཅེས་བཤད།